རང་ཁུལ་གྱིས་བྱ་ཐབས་སྣ་མང་སྤེལ་ནས་ཡུལ་སྐོར་ལས་རིགས་སླར་གསོ་བྱེད་པར་རོགས་རམ་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2020-03-09

    

རང་ཁུལ་གྱིས་བྱ་ཐབས་སྣ་མང་སྤེལ་ནས་ཡུལ་སྐོར་ལས་རིགས་སླར་གསོ་བྱེད་པར་རོགས་རམ་བྱས།

   ཉིན་ཤས་རིང་ལ། རང་ཁུལ་གྱི་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པ་དང་ཆབས་ཅིག ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོའི་ལས་དོན་དུས་ཐོག་ཏུ་སྤེལ་ནས་བྱེད་ཐབས་མང་པོ་བཏོན་ཏེ་ཡུལ་སྐོར་ལས་རིགས་སླར་གསོ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་བརྒྱབ་པ་རེད།

    རིམས་ནད་ཀྱིས་ཡུལ་སྐོར་དཔལ་འབྱོར་ལ་བཟོས་པའི་ཤུགས་རྐྱེན་ལ་དམིགས་ཏེ་རང་ཁུལ་གྱིས་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་རིམས་ནད་ཀྱིས་རིག་གནས་ཡུལ་སྐོར་གྱི་འབྲེལ་ཡོད་ཐོན་ལས་ལ་བཟོས་པའི་ཤུགས་རྐྱེན་ལ་དབྱེ་ཞིབ་བྱས་ཏེ་སྔ་རྗེས་སུ《མགྲོན་ཁང་ལ་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་སྐོར་གྱི་ཁྲིད་སྟོན་བསམ་འཆར》དང་། 《དཀར་མཛེས་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་བགོས་ནས་གོ་རིམ་ཡོད་པར་མགྲོན་ཁང་སྒོ་དབྱེ་སླར་གསོ་བྱ་རྒྱུའི་ལས་དོན་ཇུས་གཞི》སོགས་ཁྲིད་སྟོན་དང་ཚད་ལྡན་བཟོས་ནས་འགྲེམས་སྤེལ་བྱས་པ་རེད།

    མིག་སྔའི་བར་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་རིགས་ཁག་གི་རིག་གནས་ཡུལ་སྐོར་ཁྲོམ་རར་ཞིབ་བཤེར་ཐེངས་མ601བྱས་པ་དང་། ཁྲིམས་འཛིན་མི་སྣ་མི་ཐེངས2406བཏང་བ། མཉམ་འབྲེལ་ཁྲིམས་འཛིན་ཐེངས་མ242བྱས་པ། ཡུལ་སྐོར་བའི་བློ་འདྲིའི་ཁ་པར20འབྱོར་བ། ཞུ་གཏུག་གྱོད་དོན་སྣ8བདག་སྤྲོད་བྱས་པ། རིམ་རྩིས་བྱས་ན་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་མགྲོན་ཁང་ཁག་ལ་ཁ་ཤུགས27600སྤྲད་པ། དུག་སེལ་གཤེར་ཁུ2250Lདང་ཆང་བཅུད་ཤེལ་དམ160བཅས་སྤྲད་ཡོད་པ་རེད།

རིམ་དབྱེ་ཁག་བགོས་དང་གོ་རིམ་ལྡན་པས་སྒོ་དབྱེ་བ། ཞིབ་བཤེར་ནན་པོ་དང་ཡུལ་ལྗོངས་གཅིག་ལ་ཇུས་གཞི་གཅིག སྡེ་ཚན་མཉམ་འགུལ་དང་གནད་སྨིན་འགོག་བཅོས་ཚོད་འཛིན་སོགས་ཀྱི་རྩ་དོན་གཞིར་བཟུང་ནས། རང་ཁུལ་གྱིས་མཛེས་ལྗོངས་ས་ཁུལ་གྱི་སྒོ་དབྱེའི་ཚད་གཞི་དངའཚུབ་བསྟུན་ཇུས་གཞི་མགྱོགས་མྱུར་བཟོས་པ་རེད། སྔོན་དཔག་བྱས་ན་སྤྱི་ཟླ3པའི་ཚེས10ཉིན་ལ་དུང་དཀར་ལུང་པའི་ལྗོངས་ཁུལ་དང་འདབ་པ་ཉི་སྟེན་ལྗོངས་ཁུལ་གཉིས་ཚན་པ་དང་པོ་སྒོ་དབྱེ་རྒྱུ་དང་། སྤྱི་ཟླ3པའི་ཚེས15ཉིན་ནས་བཟུང་མི་རྒོད་མཚོ་དང་། མི་ཉག་གནས་མཆོག གྱ་གྱུ་བོད་གྲོང་སོགས་ཉེན་ཁ་ཆུང་བའི་ས་ཁོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་སྒོ་དབྱེ་རྒྱུ་རེད། ལྗོངས་ཁུལ་སོ་སོ་རྩ་དོན་ཐོག་དྲྭ་རྒྱའི་དངོས་མིང་ལམ་ལུགས་བརྒྱུད་ནས་སྒོ་འཛིན་ཉོ་དགོས་པ་རེད།

    ཡུལ་སྐོར་ལས་དོན་ཁང་གི་ཁུར་པོ་ཡང་དུ་གཏོང་བ་དང་ཡུལ་སྐོར་ལས་དོན་ཁང་གི་ལས་ཀ་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད། རང་ཁུལ་གྱིས་འབྲེལ་ཡོད་བླང་བྱ་ལྟར་ཡུལ་སྐོར་ལས་དོན་ཁང་ལ་ད་ཡོད་ཀྱི་སྔ་སྤྲོད་པའི་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་འགན་ལེན་དངུལ་གྲངས་ཀྱི་བརྒྱ་ཆ80གནས་སྐབས་ཕྱིར་སྤྲོད་བྱས་ཏེ་ཡུལ་སྐོར་ལས་དོན་ཁང་གི་ལས་ཀ་སླར་གསོ་གྲོན་དངུལ་གྱི་དགོས་མཁོ་འགན་ལེན་བྱས་ཡོད། མིག་སྔར་ཡུལ་སྐོར་ལས་དོན་ཁང14ཡི་གནས་སྐབས་མ་དངུལ་ཕྱིར་སྤྲོད་ལས་དོན་ལེགས་གྲུབ་ཟིན་པ་དང་གྲོན་དངུལ་ཕྱིར་སྤྲོད་ཀྱི་མ་དངུལ་སྒོར་ཁྲི180ལ་ཟིན་པ་རེད།

    ཁེ་ལས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་ཡུལ་སྐོར་ལས་དོན་ཁང་གིས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་ལས་ཀ་སླར་གསོར་སྐུལ་འདེད་གཏོང་བ། ཐོན་སྐྱེད་སླར་གསོ་བྱས་རྗེས་ཀྱི་ཡུལ་སྐོར་ཚོང་རའི་འགྲན་རྩོད་ལ་ཁ་གཏད་ཧུར་ཐག་འཇལ་བ་བཅས་བྱ་ཆེད། རང་ཁུལ་གྱིས་ལྗོངས་ཁུལ་དང་མགྲོན་ཁང་སོ་སོས་གཟིགས་སྐྱོང་སྲིད་ཇུས་སྡེབ་སྒྲིག་བྱས་ཏེ་ཡུལ་སྐོར་ལས་དོན་ཁང་དང་མཉམ་དུ་གཅིག་གྱུར་གྱིས་ཡུལ་སྐོར་ཚོང་ར་སླར་གསོ་དྲིལ་བསྒྲགས་དང་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་རྒྱུ་རེད། སྣེ་ལེན་གྱི་དགོས་མཁོ་གཞིར་བཟུང་། སྐར་རྟགས་རིམ་པའི་མགྲོན་ཁང་དང་རིག་གནས་ཀྱི་བརྗོད་བྱ་གཙོ་བོའི་མགྲོན་ཁང་། སྐར་རྟགས་རིམ་པའི་ཞག་སྡོད་ཁང་། སྐར་རྟགས་རིམ་པའི་གྲོང་གསེབ་མགྲོན་ཁང་བཅས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་ཡག་པོ་བྱས་ཏེ་དངོས་ཟོག་འདང་ངེས་དང་། ཐོབ་ཐང་ལག་ཁྱེར་གྱི་དངོས་མིང་ཐོ་འགོད། ལུས་པོའི་དྲོད་ཚད་ཞིབ་དཔྱད་སོགས་ཀྱི་ལས་དོན་སྤེལ་རྗེས་སུ་གོ་རིམ་ལྡན་པའི་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཆོག་གི་ཡོད་པ་རེད། མིག་སྔར་ཁུལ་ཡོངས་སུ་མགྲོན་ཁང77གྱི་ཉལ་ཁྲི6919རྒྱུན་ལྡན་ལྟར་ལས་གཉེར་ཐུབ་ནས་ཞག་སྡོད་ཀྱི་དགོས་མཁོ་ཕལ་ཆེར་ཁག་ཐེག་བྱ་ཐུབ་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:གཏམ་བཟང་། གཏམ་བཟང་། རྟའུ་རྫོང་གི་ཏོག་གསར་གློ་ཚད་ནད་པ5སྨན་ཁང་ལས་ཕྱིར་བུད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ཁེ་ལས་འབྲིང་ཆུང་གི་ཐོན་སྐྱེད་གཉེར་བའི་དཀའ་ངལ་སེལ།
  • དོ་སྣང་ཆེ་བའི་རྩོམ།