ལིའུ་ཁྲེང་མིང་གིས་རང་ཁུལ་ལྷོ་རྒྱུད་ས་ཁུལ་དུ་རྟོག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2020-03-04

 

ལིའུ་ཁྲེང་མིང་གིས་རང་ཁུལ་ལྷོ་རྒྱུད་ས་ཁུལ་དུ་རྟོག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་།

     སྤྱི་ཟླ2པའི་ཚེས24ནས28ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་སྔོན་རྗེས་སུ་རང་ཁུལ་ལྷོ་རྒྱུད་ཀྱི་ཉག་ཆུ་དང་། ལི་ཐང་། འབའ་ཐང་། སྡེ་རོང་། ཕྱག་ཕྲེང་། འདབ་པ་བཅས་རྫོང་དྲུག་ཏུ་རྟོག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་སར་ཕེབས་པ་རེད།

     ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏོག་གསར་གློ་ཚད་ཀྱི་རིམས་ཚུལ་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གྲོས་ཚོགས་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གདིང་ཟབ་བྱ་དགོས་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ཁག་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་།ལྷོད་གཡེང་གི་བསམ་པ་དང་སུན་སྣང་སྐྱེ་བའི་བསམ་པ། སྟེར་དབང་གི་བསམ་པ། ཤུགས་ལྷོད་པའི་བསམ་པ་བཅས་ལ་དོགས་ཟོན་ཆེན་པོ་བྱས་ཏེ་མུ་མཐུད་དེ་རིམས་ཚུལ་འགོག་བཅོས་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་དངོས་འཛིན་ཞིབ་འཛིན་ནན་འཛིན་ལྷོད་མེད་བྱ་དགོས།ས་ཁོངས་དང་རིམ་པ། རིགས་བཅས་བགོས་ནས་འགོག་བཅོས་གནད་སྨིན་བྱེད་པའི་ཐབས་ཇུས་དོན་འཁྱོལ་བྱེད་པ་དང་།དངོས་ཡོད་གནས་ཚུལ་ལ་གཞིགས་ནས། རིམས་ཚུལ་འགོག་བཅོས་ཚོད་འཛིན་གྱི་ལས་དོན་དམ་འཛིན་ཡག་པོ་བྱེད་པ་དང་མཉམ་དུ་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་ལས་དོན་ཁག་ཀྱང་གཅིག་གྱུར་འཆར་འགོད་བྱས་ནས་ཡག་པོ་བསྒྲུབས་ཏེ། ད་ལོའི་ལོ་འཁོར་གྱི་དམིགས་འབེན་ལས་འགན་འགྲུབ་གང་ཐུབ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

      ལིའུ་ཁྲེང་མིང་སྔོན་རྗེས་སུ་ཉག་ཆུ་རྫོང་མཁར་རིང་པོ་ཡུལ་ཤོག་གི་ཕག་མོ་གླིང་གྲོང་སྡེ་སོགས་རྫོང་དྲུག་གི་ས་གནས28ལ་ཕེབས་ནས་རིམས་འགོག་གནས་ཚུལ་སྤེལ་ལུགས་དང་ལས་གཞི་གལ་ཆེན་སྤེལ་ཚུལ།ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་བསྐྱར་གསོ་བྱེད་ཚུལ་སོགས་ལ་རྒྱུས་ལོན་གནང་བ་རེད།

     ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ས་གནས་ཁག་གིས་ས་ཁོངས་དང་རིམ་པ། རིགས་བཅས་བགོས་ནས་རིམས་ཚུལ་འགོག་བཅོས་ཚོད་འཛིན་ལས་དོན་མུ་མཐུད་དེ་དམ་འཛིན་བྱ་དགོས།རིམས་ནད་ཀྱི་འཕར་ཚད་ཚོད་འཛིན་དང་གསོག་ཚད་ཉུང་འཕྲི། འགྱུར་ཚད་སྔོན་འགོག་བཅས་ཀྱི་བླང་བྱ་ལྟར་ཁྲིམས་ལྟར་འགོག་བཅོས་དང་ཚན་རིག་དང་མཐུན་པ་འགོག་བཅོས།འགོག་བཅོས་གནད་སྨིན། འགོག་བཅོས་ཡ་རབས་བཅས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་ཏིག་བྱ་དགོས། ཕྱི་ནས་ནད་མཆེད་པ་སྔོན་འགོག་བྱེད་ཅིང་རང་སའི་རིམས་འགོག་གནས་ཚུལ་གསལ་པོ་ཤེས་དགོས། ཡུལ་ཤོག་དང་གྲོང་རྡལ། ཁྲོམ་ལམ། གཞིས་ཁུལ། ཨར་ལས་ལས་ཡུལ། དགོན་པ་བཅས་སྡེ་ཚན་དུ་བྱས་ནས་སྔར་ལྷག་གིས་ས་ཁོངས་དང་རིམ་པ།རིགས་བཅས་བགོས་པའི་དྲ་བ་ཅན་གྱི་དོ་དམ་འགོག་བཅོས་བྱེད་ཐབས་འཐུས་སྒོ་ཚང་དུ་གཏང་དགོས། དགོན་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་གྲྭ་བཙུན་འདུ་འཛོམས་མི་བྱེད་པ་དང་འདུ་ཚོགས་བྱེད་སྒོ་མི་སྤེལ་བ་ཁག་ཐེག་བྱ་དགོས།

     ལིའུ་ཁྲེང་མིང་གིས་བསྟན་དོན། ཁེ་ལས་ཀྱིས་བྱེད་པོའི་འགན་འཁྲི་ཡག་པོ་བསྒྲུབ་དགོས་ཤིང་། སྲིད་གཞུང་དང་མཉམ་དུ་རིམས་འགོག་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་བསྐྱར་གསོ་ལ་གཅིག་གྱུར་འཆར་འགོད་བྱས་ནས་དམ་འཛིན་བྱ་དགོས།ཁེ་ལས་ཀྱིས་ཁ་ཐོར་བ་དང་འདུ་འཛོམས་ཉུང་བ། དུས་ཚོད་བགོས་ནས་ལས་དོན་སྒྲུབ་པ་དང་ཁ་ལག་ཟ་བ་སོགས་ཀྱི་བྱེད་ཐབས་སྤྱད་དགོས།ལས་ཀའི་སྔོན་བཀོད་ཇུས་གཞི་ཡག་པོ་བཟོས་ནས་རིམས་ཚུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཟོས་པའི་ཤུགས་རྐྱེན་ཆེས་དམའ་རུ་བཏང་ནས་ལོ་འཁོར་གྱི་དམིགས་འབེན་འགྲུབ་པར་བྱ་དགོས། ལས་གཞི་ཆེན་པོའི་འགོ་ཚུགས་པ་དང་། ཆུ་གློག་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས། ལྗོངས་ཁུལ་གཙོ་བོས་སྒོ་ཕྱེ་ནས་འགྲུལ་པར་སྣེ་ལེན་བྱེད་པ།དཔྱིད་རྨོད་དང་དཔྱིད་རྨོ་གྲ་སྒྲིག འགྲིམ་འགྲུལ་དང་ཟོང་འགྲུལ་ཐོགས་པ་མེད་པ། ཞིང་པ་གླ་པ་ལས་གནས་སུ་ལོག་པ། ཕྱིར་ངལ་ལས་རྒྱག་ས་འགྲོ་བ། སྤྱི་ཕན་རང་བཞིན་གྱི་ལས་སྒོའི་སྲིད་ཇུས་དོན་འཁྱོལ་བྱེད་པ། ཁྱད་ཆོས་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་དམ་འཛིན་ལེགས་འཛིན་ཧུར་འཛིན་བཅས་བྱ་དགོས།།



  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གི་ཞིང་ལས་ཐོན་རྫས་ལ་རྒྱལ་ཁབ་རིམ་པའི་ལྷད་མེད་ཟས་རིགས་ཀྱི་དཔང་དཔྱད་ཐོབ།
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་ཡིས་ཉག་ཆུ་རྫོང་དུ་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་ཀར་ཞིབ་བཤེར་དང་ལྟ་སྐུལ་ཁྲིད་སྟོན་གནང་།
  • དོ་སྣང་ཆེ་བའི་རྩོམ།