ལི་ཐང་རྫོང་གི་ཞིང་ལས་ཐོན་རྫས་ལ་རྒྱལ་ཁབ་རིམ་པའི་ལྷད་མེད་ཟས་རིགས་ཀྱི་དཔང་དཔྱད་ཐོབ།

ལྷ་འཛོམས་ཀྱིས་བསྒྱུར།        2020-03-04

    སྤྱི་ཟླ2པའི་ཚེས24ཉིན་ལ་གསར་འགོད་པས་ལི་ཐང་རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལི་ཐང་རྫོང་གི་མཐོ་གྲང་ཤིང་ཏོག་དང་སྔོ་ཚལ། ཤ་མོ་བཅས་ཀྱི་རྟེན་གཞི་ནས་ཐོན་པའི་ཤྭ་མོ་དང་ནགས་རྣ་གཉིས་ལ་ཞིང་ལས་ཐོན་རྫས་ལ་རྒྱལ་ཁབ་ཞིང་ལས་དང་ཞིང་སྡེ་པུའུ་ཀྲུང་གོའི་ལྷད་མེད་ལྡན་ཟས་རིགས་འཕེལ་རྒྱས་ལྟེ་གནས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་ནས་ལྷད་མེད་ཟས་རིགས་ཀྱིAརིམ་པའི་ཚད་གཞི་དང་མཐུན་པས། རྒྱལ་ཁབ་རིམ་པའི་ལྷད་མེད་ཟས་རིགས་དཔང་དཔྱད་ཐོབ་པ་རེད། ཐོན་རྫས་དེ་གཉིས་ནི་ལི་ཐང་རྫོང་གི་རྒྱལ་ཁབ་རིམ་པའི་ལྷད་མེད་ཟས་རིགས་ཀྱི་དཔང་དཔྱད་ཐོབ་པའི་ཐོན་རྫས་ཐོག་མར་གྱུར་པ་རེད།

    ལི་ཐང་རྫོང་གིས་མཐོ་གྲང་སིལ་ཏོག་དང་སྔོ་ཚལ་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྱི་ཁྱད་ཆོས་མངོན་པ་དང་ཤྭ་མོ་དང་ནགས་རྣ་ཡི་ཚོང་རས་ཁས་ལེན་ཚད་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། མང་ཚོགས་དབུལ་ཕོངས་ཀྱི་ཡོང་འབབ་རྒྱུན་སྲིང་ངང་བརྟན་ཞིང་འཕར་བའི་ཆེད། འབྲུག་སྣ་ལྔའི་ཚོགས་པའི་སྤྱི་གཉེར་ཁང་གིས་དབུལ་སྐྱོར་ལས་བྱེད་པས་ཞིང་ལས་མཉམ་ལས་ཁང་སྣེ་ཁྲིད་དེ2019ལོའི་སྤྱི་ཟླ5པ་ནས་བཟུང་ཞིང་ཆེན་དང་ཁུལ་། རྫོང་ཞིང་ལས་གཙོ་གཉེར་སྡེ་ཁག་ལ་འབྲེལ་མཐུད་བྱས་ཏེ། ཕྱོགས་གསུམ་གྱི་ཆེད་ལས་སྒྲིག་གཞི་ཡིས་ཐོན་ལས་དེ་དག་ལ་ས་གཤིས་དང་ཆུ་འབྱུང་སོགས་གང་ཅིའི་ཐད་ནས་དཔེ་འདེམས་བཤེར་འཇལ་བྱས་མཐར་རྒྱལ་ཁབ་ཞིང་ལས་དང་ཞིང་སྡེ་པུའུ་ཡིས་ལྷད་མེད་ཟས་རིགས་འཕེལ་རྒྱས་ལྟེ་གནས་ཀྱིས་གནང་བའི་ལྷད་མེད་ཟས་རིགས་ཀྱི་དཔང་དཔྱད་ཐོབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་འཕགས་སྨི4000ལ་ཉེ་བའི་ཤྭ་མོ་རྟེན་གཞི་ནས་ཐོན་པའི་ཤྭ་མོ་དེ་ལོ་རེའི་ཉི་མ་འཕྲོ་ཚད་ཆུ་ཚོད2700ལ་སླེབས་ཤིང་། འབུ་གསོད་ཞིང་སྨན་དང་ལུད་སོགས་མགྱོགས་སྐྱེ་རྫས་འགྱུར་བླུགས་མེད་པས། རྒྱུ་ཆ་ཚང་མ་ལི་ཐང་རྫོང་ཡུལ་གྱི་གདོད་མའི་ནགས་ཚལ་ལས་སྐྱེས་པའི་བེ་ཤིང་གི་སྐམ་སྡོམ་དང་སྤུས་ལེགས་གྲོ་སྤགས་སོགས་ཁུག་མའི་ནང་བླུགས་ནས་གསོ་སྐྱོང་བྱས་པ་རེད།

    ལི་ཐང་རྫོང་སྲིད་གཞུང་དང་འབྲུ་སྣ་ལྔའི་ཚོགས་པ། དཀར་མཛེས་ཁུལ་སྤང་ལྗོངས་སྤྱི་གཉེར་ཁང་། མོ་ལ་སྨད་མའི་ཡུལ་ཤོག་གི་དམག་ངན་གྲོང་སྡེའི་ཞིང་ལས་མཉམ་ལས་ཁང་བཅས་ཀྱིས་མཉམ་དུ་མ་དངུལ་ཕུལ་ནས་གཉེར་བའི་ནགས་རྣ་རྟེན་གཞི་དེ་ཁྱོན་མུའུ42ཡོད་ལ་དེང་རབས་ཅན་གྱི་ཐོན་སྐྱེད་སྒྲིག་ཆས་སྒྲིག་བཀོད་ཡོད་པ། ལོ་རེར་ཤྭ་མོ་རྒྱ་མ་ཁྲི120ཐོན་པ་དང་ཐོན་ཚད་རིན་ཐང་སྒོ་ཁྲི་སྟོང་ལ་སླེབས་པ་དང་། ངལ་རྩོལ་མི་ལག60ནས90བར་ལས་ཀ་ཞུགས་ཐུབ་པ་དང་རྟེན་གཞིའི་གླ་མིར་ལོ་རེར་ཡོང་འབབ་སྒོར་ཁྲི3.6ལ་ཟིན་པ་རེད། བོད་ཀྱི་ནགས་རྣ་དེའང་མོ་ལ་སྨད་མའི་ཡུལ་ཤོག་གི་གདོད་མའི་ནགས་ཚལ་གྱི་བེ་ཤིང་དུམ་བུའི་ཐོག་སྐྱེ་བཞིན་ཡོད་པ་ཡིན་ལ། དེར་ལུད་དང་སྨན་སོགས་བླུགས་མེད་པས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ལྷད་མེད་ཟས་རིགས་སུ་གྱུར།།

            


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་ལ་ནད་དུག་གསར་པ་ཕོག་མཁན་བྱུང་མི་འདུག
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་རང་ཁུལ་ལྷོ་རྒྱུད་ས་ཁུལ་དུ་རྟོག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་།
  • དོ་སྣང་ཆེ་བའི་རྩོམ།