སེམས་ན་འཚེར་བའི་རྟའུ།

དུང་ཁྲག        2020-03-03

གངས་རི་ཤེལ་དཀར་འདྲ་བོའི་དྭངས་གཙང་ཡོད།།

གངས་སེང་གཡུ་རལ་ཅན་པོའི་སྙིང་སྟོབས་ཡོད།།

གངས་ཕྲུག་ས་ཡ་དྲུག་གི་རྒྱབ་བརྟེན་ཡོད།།

གངས་ལྗོངས་རྟའུའི་སྤུན་ཟླ་སེམས་མ་ཕམ།།


ཕྱི་མཛེས་རྣམ་དག་ལྷ་ཡི་དགའ་ཚལ་ཡིན།།

ནང་མཛེས་བྱམས་བརྩེ་དྭངས་མའི་དྲི་བསུང་འཐུལ།།

ནང་སེམས་བག་ཕེབས་གནས་པའི་དམ་ཆོས་ཡོད།།

ཕྱི་ཡི་བར་ཆད་འགོག་པའི་སྤུན་ཟླ་ཡོད།།


མུན་ནག་ཀླུང་གི་ཆུ་ཤེལ་དཀྱིལ་འཁོར་ཡིན།།

གྲང་ངར་གསེབ་གྱི་མེ་ཕུང་གསོན་པོ་ཡིན།།

ནད་དུག་མདུན་གྱི་དཔའ་བོ་ཁེར་རྒྱུག་ཡིན།།

རྟའུའི་སྤུན་ཟླ་ཁྱེད་ལས་དཔའ་བ་མེད།།


མེས་པོ་གཅིག་གི་ཤ་རུས་གསོན་པོ་ཡིན།།

ལམ་ཁ་གཅིག་གི་སྐྱིད་སྡུག་ཁུར་རོགས་ཡིན།།

ཤ་དང་རུས་པར་ཐིམ་པའི་བརྩེ་དུང་འདི།།

ཡལ་མེད་གཏན་དུ་གནས་ཡོད་སྙིང་གི་སྤུན།།


སྙན་པའི་ཚིག་ལ་སྙིང་གཏམ་བསྟར་མེད་ཀྱང་།།

སེམས་ཀྱི་གཏིང་ནས་སྨོན་ལམ་བརྒྱབ་ནས་ཡོད།།

རེ་བའི་འོད་སྣང་ཁྱེད་ལ་བསྒྲོན་མེད་རུང་།།

སེམས་ཀྱི་ཟབ་ས་དེ་ན་གཏན་དུ་འཚེར།།            


  • ལེ་ཚན་སྔོན་མ།:ཟླ3པའི་ཚེས1ཉིན་རྟའུ་རྫོང་གི་སྨན་ཁང་ལས་བུད་པའི་ནད་པའི་ཁ་གྲངས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་ལ་ནད་དུག་གསར་པ་ཕོག་མཁན་བྱུང་མི་འདུག
  • དོ་སྣང་ཆེ་བའི་རྩོམ།