སེར་ཤུལ་རྫོང་གི་འབྲོག་པ་ཚོ་དྲོད་སྐྱིད་ལྡན་པའི་ཁང་གསར་དུ་སྤོས།

ཀུན་དགས་བསྒྱུར།        2016-12-19

      ཟླ་བ12པའི་ཚེས5ཉིན།  སེར་ཤུལ་རྫོང་རྫ་ཆུ་ཁའི་རྩྭ་ཐང་སྟེང་དུ་ཉི་འོད་ལྷང་ལྷང་དུ་འཕྲོས། ཉིན་དེར་ཀ་བཞི་ཤང་བ་རོང་སྡེ་བ་གཉིས་པའི་གནས་སྤོ་ས་ཚུགས་སུ་འབྲོག་པ་བསོད་ནམས་བཟང་པོས་ཤང་ཏང་ཨུ་དང་སྲིད་གཞུང་གི་རོགས་རམ་འོག་ཁྱིམ་ཆས་ཁང་གསར་དུ་སྤོ་བཞིན་འདུག  བསོད་ནམས་བཟང་པོས་སེམས་འགུལ་ཐེབས་པའི་ངང་ནས་སྔོན་ཆད་ལོ་བསྟུད་མར་སྦྲ་གུར་ལ་བརྟེན་ནས་འཚོ་བ་རོལ་བ་ཡིན་པས་ཁོར་ཡུག་དང་འཚོ་བ་སོགས་གང་ཅིའི་ཐད་ལ་དཀའ་ངལ་ཡོད་མོད། འོན་ཀྱང་ད་སྐབས་ཏང་དང་སྲིད་གཞུང་གིས་ང་ཚོ་འབྲོག་པ་ཚོར་རྒྱབ་སྐྱོར་དང་སེམས་ཁུར་གནང་ནས་དྲོད་ཅིང་སྐྱིད་པའི་ཁང་པ་བསྐྲུན་པར་ང་རང་གིས་སེམས་རྣམ་པ་དག་པའི་ངང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན་ཞེས་བཤད་པ་རེད། མིག་སྔར་ཟླ་བ་གསུམ་ཙམ་གྱི་རིང་ཛ་དྲག་ཆེ་བའི་ཨར་ལས་ལས་པར་བརྒྱུད་དེ་བ་རོང་སྡེ་བ་གཉིས་པའི་འབྲོག་པའི་གཞི་ཆགས་སྡོད་ཁང་གསར་དུ་བསྐྲུན་ཟིན་པས་བསོད་ནམས་བཟང་པོ་སོགས་ཚན་པ་དང་པོའི་འབྲོག་པ་དུད་ཚང30ཁང་གསར་དུ་སྤོས་པ་རེད།

      བ་རོང་སྡེ་བ་གཉིས་པ་ནི་སེར་ཤུལ་རྫོང་ཁུལ་དང་བར་ཐག་སྤྱི་ལེ79རྒྱང་བ་དང་མཚོ་སྔོན་ཞིང་ཆེན་དང་ས་འབྲེལ་ནས་གནས་ཡོད་ཅིང་། ལོ་རྒྱུས་ཀྱི་རྒྱུད་རིམ་རིང་པོའི་ཁྲོད་དུ་ཕྱུགས་རིགས་འཚོ་སྐྱོང་དང་རུ་བ་སྐྱ་སྤོའི་ཁྲོད་དུ་འཚོ་བ་རོལ་བཞིན་ཡོད།  ཁོ་ཚོར་གཏན་ཁེལ་གྱི་སྡོད་གནས་ཤིག་མེད་པས་རུ་བ་སྐྱ་སྤོ་བྱེད་པ་དང་དུས་མཚུངས་སུ་སྦྲ་གུར་བརྟེན་ནས་འཚོ་བ་རོལ་བ་ཡིན་སྟབས་ལོ་རེའི་དགུན་དུས་སུ་དཀའ་ངལ་ཡོད་པ་རེད། ས་གནས་དེ་གའི་འབྲོག་པའི་འཚོ་བ་བྱེད་ཚུལ་ལེགས་བཅོས་བྱེད་ཆེད། ད་ལོའི་ཟླ་བ8པའི་ཚེས24ཉིན། ཞིང་ཆེན་རིམ་པའི་གཏན་ཁེལ་རོགས་སྐྱོར་ལས་ཁུངས་ཡིན་པའི་ཆ་ནས་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་རྒྱང་བསྒྲགས་བརྙན་འཕྲིན་ཅུས་དང་། ཞིང་ཆེན་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་གོའི་རྡོ་སྣུམ་ཁྲོན་ཆེན་གསོར་འབིགས་རྩད་ཞིབ་བཟོ་སྐྲུན་སྤྱི་གཉེར་ཁང་སོགས་ཀྱིས་མཉམ་དུ་རོགས་དངུལ་སྒོར་ཁྲི300བཏང་ནས་བ་རོང་སྡེ་བ་གཉིས་པར་དྲོད་ལྡན་ཁང་པ30བསྐྲུན་པ་རེད།

      ཟླ་བ11པའི་ཚེས28ཉིན། ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་ཞིང་ཆེན་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་གོའི་རྡོ་སྣུམ་ཁྲོན་ཆེན་གསོར་འབིགས་རྩད་ཞིབ་བཟོ་སྐྲུན་སྤྱི་གཉེར་ཁང་། སེར་ཤུལ་རྫོང་ཨུ་དང་རྫོང་སྲིད་གཞུང་སོགས་ཀྱིས་ཐུན་མོང་གིས་འབད་བརྩོན་འོག་ཀ་བཞི་ཤང་བ་རོང་སྡེ་བ་གཉིས་པའི་དབུལ་སྐྱོར་གནས་སྤོའི་ལས་གཞི་དངོས་སུ་གྲུབ་ཟིན་པས་ས་གནས་དེ་གའི་འབྲོག་པ་ཚོ་དྲོད་ཅིང་སྐྱིད་པའི་ཁང་གསར་དུ་སྤོ་བའི་ཡིད་སྨོན་གྲུབ་པ་རེད།

      སེར་ཤུལ་རྫོང་དུ་དགུན་ཤར་སྔ་བ་དང་གནམ་གཤིས་གྲང་བ་སོགས་ཀྱི་རྒྱུ་རྐྱེན་དུ་མར་བརྟེན་ནས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བ་རོང་སྡེ་བ་གཉིས་པའི་གྲོང་མི་ཚོར་ཟླ་བ་གསུམ་ལས་མི་འགོར་བར་དབུར་སྐྱོར་གནས་སྤོའི་ལས་གཞི་འཛུགས་སྐྲུན་གྱི་ལས་འགན་འགྲུབ་རྒྱུའི་ཁས་ལེན་བྱས་པ་དང་། རྫོང་སྲིད་གཞུང་གི་རྫོང་དཔོན་ལུའོ་ལིན་གྱིས་མིག་སྔར་རང་རྫོང་གི་དབུལ་སྐྱོར་གནས་སྤོའི་ལས་གཞི་ཁག་ཚང་མ་གཅིག་རྗེས་གཉིས་མཐུད་ལེགས་གྲུབ་འབྱུང་བཞིན་ཡོད་པས་བོད་ལོ་གསར་གྱི་སྔོན་དུ་འབྲོག་པ་ཚང་མ་ཁང་གསར་དུ་སྤོས་ནས་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་གཏོང་ཐུབ་ཅེས་བཤད་པ་རེད།

      རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དང་ཀ་བཞི་ཤང་ཏང་ཨུའི་ཧྲུའུ་ཅི་རྒྱལ་མཚན་གྱིས་མིག་སྔར་བ་རོང་སྡེ་བ་གཉིས་པའི་དབུལ་ཕོངས་དུད་ཚང་རྣམས་གོ་རིམ་ལྟར་ཁང་གསར་དུ་སྤོ་བཞིན་ཡོད།  རྗེས་མ་ང་ཚོས་དུས་ཐོག་ཏུ་རྨང་གཞིའི་སྒྲིག་ཆས་སྒྲིག་བཀོད་བྱས་ནས་རྒྱ་ཆེ་བའི་དབུལ་ཕོངས་མང་ཚོགས་ལ་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་ཡིན་ཞེས་བཤད།

      སེར་ཤུལ་རྫོང་དབུལ་སྐྱོར་གནས་སྤོ་ཡུལ་མི་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། 2016ལོར་སེར་ཤུལ་རྫོང་དབུལ་སྐྱོར་གནས་སྤོས་ཡུལ་མིའི་ས་ཚུགས་བསྡོམས་པས36ཡོད་པ་དང་། དེའི་ནང་གཅིག་སྡུད་བདེ་སྡོད་ས་ཚུགས5དང་ཁ་ཐོར་བདེ་སྡོད་ས་ཚུགས31ཡོད་པས་དུད་ཚང709ཡི་མི་འབོར2482དང་འབྲེལ་བ་ཡོད་པ་རེད། ལས་གཞི་ཡོངས་རྫོགས་ཨར་ལས་སྡེ་ཚན་ཕྱོགས་དང་ལྟ་སྐུལ་དོ་དམ་ཕྱོགས།  ལས་ཡུལ་དངོས་ཀྱི་ལས་སྒྲུབ་མི་སྣ་སོགས་ཀྱི་ཐུན་མོང་དུ་འབད་བརྩོན་བྱས་པར་བརྟེན་ནས་ཟླ་བ8པའི་ཟླ་མཇུག་ཏུ་ཚང་མ་ཁྱོན་ཡོངས་ནས་ལས་འགོ་བཙུགས་པ་རེད། འབྲེལ་ཡོད་འགན་འཁུར་བས་དབུལ་སྐྱོར་གནས་སྤོའི་ལས་གཞི་ལག་བསྟར་བྱས་པ་ནི་གཞི་རྩའི་ཐོག་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་བ་ཡིན་ལ་སེར་ཤུལ་གྱི་དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་དང་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཀྱང་རེད་ཅེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་གྱིས་ཁྱོན་ཡོངས་ནས་སློབ་གསོའི་དམངས་ཕན་སྲིད་ཇུས་དོན་འཁྱོན་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ས་གནས་སོ་སོས་དགུན་དཔྱིད་དུས་ཚིགས་ཀྱི་ནགས་ཚལ་མེ་འགོག་ལས་ཀ་ཡག་པོ་སྒྲུབ།
  • དོ་སྣང་ཆེ་བའི་རྩོམ།