ཁུལ་ཨུས་བློ་མཐུན་སུའུ་ཀྲི་པིང་ལ་དཀར་མཛེས་ཁུལ་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་རྗེས་སྤྲོད་གནང་།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2016-12-13

ཁུལ་ཨུས་བློ་མཐུན་སུའུ་ཀྲི་པིང་ལ་དཀར་མཛེས་ཁུལ་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་རྗེས་སྤྲོད་གནང་།

      ཟླ་བ12པའི་ཚེས5ཉིན། ཁུལ་ཨུས་བློ་མཐུན་སུའུ་ཀྲི་པིང་ལ་དཀར་མཛེས་ཁུལ་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་རྗེས་སྤྲོད་གནང་བའི་གཏན་འབེབས་བྱས་པར་མ་ཟད། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་གུང་ཁྲན་ཏང་ཡོན་གྱིས་བློ་མཐུན་སུའུ་ཀྲི་པིང་ལ་སློབ་སྦྱོང་བྱ་དགོས་པར་འབོད་བསྐུལ་བཏང་བ་རེད།

      ད་ལོའི་ཟླ་བ9པའི་ཚེས2ཉིན། བློ་མཐུན་སུའུ་ཀྲི་པིང་གཞུང་དོན་སྒྲུབ་སའི་ལམ་བར་ཚ་ནད་ཕོག་ནས་སྨན་བཅོས་མ་ཐུབ་པར་ཚེ་ལས་འདས་པ་དང་། ལོ50ལས་སོན་མེད་པ་རེད།

བློ་མཐུན་སུའུ་ཀྲི་པིང་ནི་སི་ཁྲོན་ཨན་ཡུའེ་རྫོང་གི་མི་ཡིན་ཞིང་། 1983ལོའི་ཟླ་བ12པར་ལས་ཞུགས་བྱས་ཤིང་། 1989ལོའི་ཟླ་བ11པར་ཀྲུང་གོ་གུང་ཁྲན་ཏང་ནང་ལ་ཞུགས་པ་རེད། བློ་མཐུན་སུའུ་ཀྲི་པིང་ཞལ་བཞུགས་དུས་སྔོན་རྗེས་སུ་སེར་ཤུལ་རྫོང་ཆུ་གློག་བཟོ་གྲྭ་དང་མི་དམངས་ཞིབ་དཔྱོད་ཁང་། བྲག་འགོ་རྫོང་སྲིད་གཞུང་གི་ཁྲིམས་ལུགས་གཞུང་ལས་ཁང་དང་རྫོང་མི་དམངས་ཞིབ་དཔྱོད་ཁང་། བརྒྱད་ཟིལ་རྫོང་མི་དམངས་ཞིབ་དཔྱོད་ཁང་བཅས་སུ་ལས་དོན་བསྒྲུབས་མྱོང་ཞིང་། ཞིབ་དཔྱོད་ཁོའི་ཁོ་ཀྲང་གཞོན་པ་དང་མྱུལ་ཞིབ་ལྟ་སྐུལ་ཁོ་ཡི་ཁོ་ཀྲང་གཞོན་པ། ཞིབ་དཔྱོད་ཁང་གི་འགོ་གཙོ་གཞོན་པ་དང་འགོ་གཙོ་བཅས་ཀྱི་འགན་བཞེས་མྱོང་། བློ་མཐུན་སུའུ་ཀྲི་པིང་གིས་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་བྱ་གཞག་དེ་ཆེས་གལ་ཆེན་གྱི་གནས་སུ་བཞག་ཅིང་། གཞི་རིམ་གྱི་ལས་སྒྲུབ་པ་ཞིག་ནས་ཏང་གི་ཕུལ་བྱུང་འགོ་ཁྲིད་ལས་བྱེད་པའི་གྲལ་དུ་ཚུད་པ་རེད། ཁོང་གིས་ཁྲིམས་འཛིན་ནན་པོར་མཛད་ཅིང་སྟོབས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ཏེ་ཞིབ་དཔྱོད་ལས་ཀ་སྒྲུབ་པ་ནས་བཟུང་། ཞིབ་དཔྱོད་ཀྱི་འགན་ནུས་གང་ལེགས་བཏོན་ཏེ་ཁྲིམས་ལྟར་ཉེས་དོན་གྱོད་དོན་དང་ལས་ཐོག་ཉེས་བསགས་ཀྱི་གྱོད་དོན་སྣ་ཚོགས་སྒྲུབ་གཉེར་བྱས་པས། རྒྱལ་ཁབ་ཀྱི་དཔལ་འབྱོར་གྱོང་གུད་སྒོར་ཁྲི1000ལྷག་ཚུར་ལེན་པ་དང་། གྱོད་དོན400ལྷག་ལ་ཞུགས་པའི་ཁྲོད་དུ་ནོར་འཛོལ་ཐེབས་པ་གཅིག་ཀྱང་མེད་པ་རེད། ཁྲིམས་ཐག་གཅད་རྒྱུ་ལུས་པའི་གྱོད་དོན་དང་ཁྲིམས་ཆད་ཕོག་མེད་པའི་ཉེས་བསགས་མི་སྣ10ལྷག་ལ་རྗེས་ནས་བསྐྱར་གཏུག་ཞིབ་གཅོད་བྱས་ཤིང་། རང་བཞིན་གསལ་པོར་མིན་པའི་གྱོད་དོན20ལྷག་ཡོ་བསྲང་བྱས་པར་མ་ཟད། སྒྲུབ་གཉེར་བྱེད་པའི་གྱོད་དོན་ཐམས་ཅད་ལ་ནོར་འཁྲུལ་གཅིག་ཀྱང་བྱུང་མེད་པ་རེད། ཁོང་གིས་སྤྱི་དོན་རྩིས་སུ་འཛིན་ཞིང་སྒེར་དོན་རྒྱབ་ཏུ་བསྐྱུར་བ་དང་འགན་ཁུར་བའི་སྤོབས་སེམས་རབ་ཏུ་ཆེ། རང་ཉིད་ལ་ན་ཚ་ཕོག་པར་མ་འཛེམས་ནས་གཤགས་བཅོས་ཚར་མ་ཐག་ལུས་པོ་སོས་ཁོམ་མེད་པར་ལས་ཡུལ་དང་པོར་ཕྱིན་ནས་མང་ཚོགས་ཀྱི་འགལ་བ་རྩོད་གཞི་འདུམ་པ་དང་། ངལ་གསོ་ཡག་པོ་ཞིག་བྱེད་ཁོམ་མེད་ཅིང་སྨན་ཁང་དུ་ཡང་བསྐྱར་ལུས་པོར་ཞིབ་བཤེར་བྱེད་པའི་གོ་སྐབས་ཀྱང་བྲེལ་འཚུབ་ཆེ་བའི་ལས་ཀའི་ཞོར་དུ་སྣང་མེད་དོར། ཁོང་གིས་མང་ཚོགས་སེམས་སུ་བཅངས་ཤིང་མི་དམངས་ཀྱི་ཞབས་འདེགས་པ་ཡག་པོ་ཞིག་བྱེད་པར་སེམས་གཏིང་ནས་དགའ་ཞིང་དུང་། དྭ་ཕྲུག་དང་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་གྱི་གྲྭ་པ། དབུལ་སྐྱོར་གནད་སྨིན་བྱ་ཡུལ་སོགས་ལ་སེམས་ཁུར་ཚད་མེད་བྱས་ཏེ་ཁོ་ཚོའི་དཀའ་ངལ་ཐག་གཅོད་བྱེད་གང་ཐུབ་མཛད་པ་རེད། ཁོང་ནི་ཟོལ་མེད་དྲང་བདེན་དང་ཀུན་སྤྱོད་གཙང་བའི་མི་ཞིག་ཡིན་ཞིང་། ལས་ཀ་སྒྲུབ་རིང་དང་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་ནམ་ཡང་རང་ཉིད་ནན་པོར་གཅུན་ཞིང་ཁྲིམས་ལྟར་ལས་ཀ་སྒྲུབ་པ་ལས་སྒེར་དོན་རྩ་བ་ནས་སྒྲུབ་མྱོང་མེད།

      གཞི་རིམ་དུ་ཡིན་ནའང་འདྲ། འགོ་ཁྲིད་ལས་གནས་སུ་ཡོད་པ་ཡིན་ནའང་འདྲ། བློ་མཐུན་སུའུ་ཀྲི་པིང་གིས་ལས་ཀ་ཨང་དང་པོར་བཞག་སྟེ་ཐོག་མཐའ་བར་གསུམ་དུ་རྩ་འཛུགས་བློ་བདེ་ཞིང་མི་དམངས་ཡི་རང་བ་དེ་ལས་ཀ་བཟང་ངན་གྱི་གཞལ་བྱ་ཉག་ཅིག་ཏུ་བརྩིས་ཤིང་། བློ་དཀར་སེམས་དཀར་དང་ཧུར་སེམས་ལྷོད་མེད་ཀྱིས་ཏང་དང་མི་དམངས་ཡི་རང་བའི་བྱས་རྗེས་བཞག་ཅིང་། ཤེས་རབ་དང་དཀའ་སྡུག་གཉིས་ཕྱུག་གིས་ཞིབ་དཔྱོད་བྱེད་པར་དྲང་གཞག་ཆེད། ཁྲིམས་འཛིན་བྱེད་པར་དམངས་ཀྱི་དོན་ཞེས་པའི་མི་ཚེའི་དམ་བཅའ་ལག་ལེན་གསེར་གྱི་ཐིགས་པར་བསྒྱུར་བ་རེད། བློ་མཐུན་སུའུ་ཀྲི་པིང་འདས་རྗེས། བོད་ཁུལ་གྱི་སྤྱི་ཚོགས་ལས་རིགས་ཁག་དང་ལྷག་པར་དུ་བརྒྱད་ཟིལ་རྫོང་གི་ལས་བྱེད་པ་མང་ཚོགས་ཀྱི་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད། བློ་དཀར་རྒྱལ་གཅེས་དང་དགེ་སྒྲུབ་རོགས་རེས། དོན་གཉེར་གསར་སྐྲུན། ཞུམ་མེད་བརྩོན་སྐྱེད་བཅས་ཀྱི་དཀར་མཛེས་ཁུལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་བཏང་སྟེ་རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པས་ཡིད་ཆེས་བརྟན་པོར་བཅངས་ཤིང་མི་དམངས་ཀྱི་དོན་དུ་ཞབས་འདེགས་ཞུ་རྒྱུ་མི་བརྗེད་པ། དམངས་ཀྱི་དོན་དུ་བློས་འབུལ་བ། གསར་གཏོད་ཧུར་སྐྱེད་བཅས་བྱས་ཤིང་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་པའི་ཆེད་དུ། ཁུལ་ཨུས་བློ་མཐུན་སུའུ་ཀྲི་པིང་ལ་དཀར་མཛེས་ཁུལ་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་རྗེས་སྤྲོད་གནང་བའི་གཏན་འབེབས་བྱས་པ་རེད།

      ཁུལ་ཨུས་ཁུལ་ཡོངས་ཀྱི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་གུང་ཁྲན་ཏང་ཡོན་གྱིས་བློ་མཐུན་སུའུ་ཀྲི་པིང་ལ་སློབ་སྦྱོང་བྱ་དགོས་པའི་འབོད་བསྐུལ་བཏང་བ་སྟེ། ཁོང་གི་ཁྲིམས་འཛིན་ནན་པོར་མཛད་ཅིང་སྟོབས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་པའི་ཡིད་ཆེས་བརྟན་པོ་དང་། ཁོང་གི་སྤྱི་དོན་རྩིས་སུ་འཛིན་ཞིང་སྒེར་དོན་རྒྱབ་ཏུ་བསྐྱུར་བ་དང་འགན་ཁུར་བའི་སྤོབས་སེམས་རབ་ཏུ་ཆེའི་ཞབས་ཞུའི་བརྩེ་སེམས། ཁོང་གི་མང་ཚོགས་སེམས་སུ་བཅངས་ཤིང་མི་དམངས་ཀྱི་ཞབས་འདེགས་པ་ཡག་པོ་ཞིག་བྱེད་པར་སེམས་གཏིང་ནས་དགའ་བའི་བསམ་པའི་འཁྱེར་སོ། ཁོང་གི་ཟོལ་མེད་དྲང་བདེན་དང་ཀུན་སྤྱོད་གཙང་བའི་བླ་མེད་སྤྱོད་བཟང་བཅས་ལ་སློབ་སྦྱོང་བྱས་ཏེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་གསར་དུ་བསྐྲུན་པར་བྱས་རྗེས་གསར་པ་གཞག་དགོས་སོ།།


  • ལེ་ཚན་སྔོན་མ།:མ་དངུལ་སྒོར་དུང་ཕྱུར1.2ལྷག་བཏང་ནས་མང་ཚོགས་ཁྲི་ལ་ཕན་ཐོགས།
  • ལེ་ཚན་རྗེས་མ།:ནོར་བུ་བཀྲ་ཤིས་ལ་དཔལ་ཡོན་ཁྱིམ་ཚང་གི་གཟེངས་བསྟོད་ཐོབ།
  • དོ་སྣང་ཆེ་བའི་རྩོམ།