རང་ཁུལ་གྱིས་ཆེད་དོན་གྲོས་ཚོགས་འཚོགས་ཏེ་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ཡུལ་སྐོར་དྲིལ་བསྒྲགས་ཚོང་གཉེར་བྱེད་ཐབས་ཞིབ་འཇུག་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2019-10-21

    སྤྱི་ཟླ10པའི་ཚེས14ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཆེད་དོན་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ཡུལ་སྐོར་དྲིལ་བསྒྲགས་ཚོང་གཉེར་ལས་ཀར་ཞིབ་འཇུག་གནང་ཞིང་སླད་ཕྱིན་གྱི་ལས་ཀར་བཀོད་སྒྲིག་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་གྲོས་ཚོགས་ནང་ཞུགས་ཤིང་གསུང་བཤད་གནང་བ་རེད།

    ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཀྲང་བྱམས་བློ་དང་ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲེན་ཐན་ཞང་བཅས་གྲོས་ཚོགས་ནང་ཞུགས་ཡོད།

    ལིའུ་ཁྲེང་མིང་གིས་ཚང་མའི་གཏམ་བཤད་ལ་གསན་འཇོག་གནང་རྗེས་གསུངས་དོན། རང་ཁུལ་ལ་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་གསར་བརྗེའི་རིག་གནས་ཕུན་སུམ་ཚོགས་པོ། ཕུགས་ཡུན་རིང་བའི་ལོ་རྒྱུས་རིག་གནས་དང་ཁྱད་ཆོད་ལྡན་པའི་མི་རིགས་རིག་གནས་ཡོད་ཀྱང་། ཡུན་རིང་པོར་རང་ཁུལ་གྱི་ཡུལ་སྐོར་ལས་རིགས་ལ་དབྱར་སྟོན་དུས་ཚིགས་ཚོང་ཡག་པ་དང་། དགུན་ཁར་ཚོང་མེད་པའི་རྣམ་ཚུལ་ཡོད་ཅིང་། དགུན་ཁའི་ཡུལ་སྐོར་དེ་རང་ཁུལ་ཡུལ་སྐོར་འཕེལ་རྒྱས་ཀྱི་འགག་མདོ་ཡིན་པས། དེ་ནས་རང་ཁུལ་གྱི་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་བཅོས་ཡོང་བ་དང་བསྟུན་ཅི་འདྲ་བྱས་ནས་རང་ཁུལ་གྱི་ཐོན་ཁུངས་བཟང་ཆ་འདོན་སྤེལ་བྱས་ནས་ཡུལ་སྐོར་ཚོང་ར་རྒྱ་ཆེ་རུ་གཏོང་ཞིང་རང་ཁུལ་དགུན་དུས་ཀྱི་ཡུལ་སྐོར་ཚོང་ར་ཚོང་བྲིན་པོ་ཡོང་བ་དེ་དེང་སྐབས་ཐག་གཅོད་བྱ་དགོས་པའི་གནད་འགག་ཞིག་ཡིན་པ་རེད།

    ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། གཡག་མདོ་མྱུར་བགྲོད་གཞུང་ལམ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ་དང་གེ་སར་གནམ་གྲུ་ཐང་དུ་གནམ་གྲུ་གསར་དུ་འཕུར་ཐུབ་པ་སོགས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་བསྟུན་རང་ཁུལ་དུ་ཡུལ་སྐོར་ཡོང་མཁན་མིའི་ཐེངས་གྲངས་ཡང་བསྐྱར་གསར་མཐོར་བསྐྲུན་པས། ཡུལ་སྐོར་ལས་རིགས་རྒྱུན་སྲིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་ཡོད། ཡིན་ན་ཡང་ང་ཚོས་རང་ཁུལ་གྱི་ཡུལ་སྐོར་སྐད་གྲགས་འགྲོ་ཚད་དང་ཞབས་འདེགས་ཆ་ཚང་། ཚོང་རའི་ཉོ་ཚོང་། ཟོང་རྟགས་སྐྲུན་པ། ཐོན་རྫས་རྒྱ་སྐྱེད་གཏོང་བ་སོགས་ཀྱི་ཐད་ལ་ཞན་ཆ་མང་པོ་ཡོད་པས། རིམ་པ་ཁག་དང་སྡེ་ཁག་སོ་སོས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གནད་འགག་གི་དུས་ཚོད་བེད་སྤྱོད་བྱས་ནས་ཚོང་ར་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ་དང་ཚོང་ཟོག་གི་ཟོང་རྟགས་སྐྲུན་པ་བཅས་བྱས་ནས་རང་ཁུལ་གྱི་དགུན་ཚིགས་ཡུལ་སྐོར་གྱི་ཁྱད་ཆོས་ཕྱོགས་མང་པོ་ནས་མངོན་དགོས། རང་ཁུལ་གྱི་དགུན་ཚིགས་ཡུལ་སྐོར་གྱི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་དང་ཚོགས་པ་ཡུལ་སྐོར་དང་རང་སྐོར་ཡུལ་སྐོར་ཟུང་འབྲེལ་སོགས་བྱ་དགོས།

    གཞན་ཡང་གཙོ་གནད་མངོན་གསལ་དོད་པོར་བྱས་ནས་གངས་དཀར་རི་བོ་སྐོར་བ་དང་ཉི་སྟེན་སྐོར་བ། གེ་སར་རིག་གནས་དར་ལམ་བཅས་ཀྱི་ཡུལ་སྐོར་ཐོན་ཁུངས་ནུས་ཤུགས་ཡོད་རྒུས་ངོ་སྤྲོད་བྱས་ཏེ། ཁྲེང་ཏུའུ་རྒྱབ་ཕྱོགས་ཀྱི་མེ་ཏོག་ལྡུམ་ཁུལ་དང་བདེ་གསོ་སྤྲོ་གསེང་ཞེས་པའི་ཡུལ་སྐོར་ཟོང་རྟགས་ཀྱི་སྐད་གྲགས་ཇེ་ཆེ་རུ་གཏོང་བ། དེ་ནས་འཁྱགས་ཀླུང་ཚྭ་ཆུ་དུས་ཆེན་སོགས་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་ནས་ཡུལ་སྐོར་བ་འགུགས་པ་དང་། སྲིད་ཇུས་སོགས་འཐུས་ཚང་གཏོང་ཞིང་ཚོང་གཉེར་བྱ་ཐབས་སྣ་མང་གཉེར་ནས་རང་ཁུལ་དགུན་དུས་ཀྱི་ཡུལ་སྐོར་ཚོང་རའི་ཚོང་བྲིན་པོ་ཡོང་བར་བྱས་ནས་དཔལ་འབྱོར་འཕར་སྣོན་གསར་པར་ཡོང་བ་བྱ་དགོས།།

  • ལེ་ཚན་སྔོན་མ།:མཐོན་མཐིང་སྤྲིན་དཀར་བར་གསེང་ནས།། བདེ་སྐྱིད་ལམ་དྲྭས་བོད་ཡུལ་ཡོངས་སུ་སྦྲེལ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་གཙོ་དོན་སློབ་གསོ་བྱེད་སྒོ་ཏན་ཏིག་སྤེལ་ཏེ་བྱ་ཐབས་གཙོ་གནད་བཞི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས།
  • དོ་སྣང་ཆེ་བའི་རྩོམ།