གསར་བརྗེའི་གནའ་གྲོང་ལ་ངོས་ལ་བསྐྱོད་པའི་མཐོང་ཐོས།

དབྱངས་ཅན་དང་ཀུན་དགས་བསྒྱུར་ཞུས་བྱས།        2019-05-27

 

གསར་བརྗེའི་གནའ་གྲོང་ལ་ངོས་ལ་བསྐྱོད་པའི་མཐོང་ཐོས།

པར་འདི་ནི་ལ་ངོས་བུད་མེད་ཚོས་ཚེམ་དྲུབ་བྱེད་བཞིན་པའི་ཚུལ་རེད།

 ལྕགས་ཟམ་རྫོང་ལ་ངོས་ཤང་སྟེ། མི་ལ་ལས་དེ་ནི་ཕུན་སུམ་ཚོགས་པའི་ལྗོངས་ཁུལ་ཞིག་ཡིན་ལ་ཐོན་ཁུངས་ལེགས་པའི་གནས་མཆོག་ཅིག་ཡིན་ཟེར། འགའ་ཞིག་གིས་དེ་ནི་གནའ་བོའི་དམངས་སྲོལ་ལྡན་པའི་རི་གྲོང་ཞིག་ཡིན་ལ་རིག་གནས་ཀྱི་ལོ་རྒྱུས་ལྡན་པའི་གནའ་གྲོང་ཞིག་ཡིན་ཟེར། ཡང་འགའ་ཤས་ཀྱིས་དེ་ནི་ལོ་རྒྱུས་ཀྱི་དཔང་པོ་མཚོན་པའི་དམག་ས་གལ་ཆེན་ཞིག་ཡིན་ལ་དམར་དམག་བཅའ་སྡོད་བྱས་མྱོང་པའི་གསར་བརྗེའི་གནའ་ཤུལ་ཞིག་ཀྱང་ཡིན་ཟེར། ཉེ་ཆར། གསར་འགོད་པ་ས་གནས་དེ་གར་སོང་ནས་ཡང་ནས་ཡང་དུ་འཚོལ་ཞིབ་བྱས་པ་རེད།

ཐོན་ཁུངས་འབེལ་པའི་སྐྱེ་ཁམས་རི་གྲོང་གི་ལྗང་མདོག་མཛེས་མདངས།

  ལ་ངོས་ཤང་ནས་ལྕགས་ཟམ་རྫོང་མཁར་གྱི་བར་དུ་བར་ཐག་སྤྱི་ལེ27ཡོད་ཅིང་། ཤང་དེ་ནི་ཆུ་བོ་རྒྱལ་མོ་རྔུལ་ཆུའི་འགྲམ་ངོགས་ཀྱི་རི་མགོར་ཆགས་ཡོད་པ་དང་སྤྱི་ལེ18ཡོད་པའི་གྲོང་སྡེའི་གཞུང་ལམ་ཞིག་རི་སྐེད་བརྒྱུད་ནས་རྒྱལ་སྲུང་གཞུང་ལམ318པ་དང་སྦྲེལ་ཡོད། གྲོང་སྡེའི་གཞུང་ལམ་གྱི་བང་རིམ་ཆེས་མཐོ་ས་ནས་རྒྱལ་མོ་རྔུལ་ཆུ་བར་གྱི་རིང་ཚད་ལ་སྨི500ཙམ་མ་གཏོགས་མེད་པས་ལམ་འདི་ནི་ཆུ་བོ་དང་ཟམ་པ་སོགས་མཛེས་ལྗོངས་ལྟ་སའི་བར་ཁྱམས་ལེགས་ཤོས་ཤིག་ཡིན་ཟེར་ནའང་མི་འགྲིག་རྒྱུ་མི་འདུག གྱ་གྱུ་གཞུང་ལམ་འདིའི་ཐོག་ནས་མར་བལྟས་དུས་ཆུ་བོ་རྒྱལ་མོ་རྔུལ་ཆུ་གཡུ་འབྲུག་ཐང་ལ་ཉལ་འདྲ་ལྷུང་ལྷུང་དུ་བཞུར་བའི་རྣམ་པ་དང་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་སྟེང་གི་ཁམས་དར་ཟམ་ཆེན་སོགས་མིག་ལམ་དུ་ཁྲ་ལམ་མེར་ཤར་ཐུབ་པ་རེད། གསར་འགོད་པ་ལ་ངོས་ཤང་ཆགས་ཡུལ་དུ་སླེབས་དུས་མིག་ལམ་དུ་མཐོང་བ་ནི་མཚོ་འཕགས་སྨི4000ཡན་གྱི་རི་བོ་མཐོན་པོ་ལྔ་ཡིས་མཐར་ནས་བསྐོར་བའི་དཀྱིལ་ན་སྡོང་རྒན་ལས་གྲུབ་པའི་ནགས་ཚལ་དང་གྲལ་བསྟར་འགྲིག་པའི་ཁང་པ། གཙང་ཞིང་སྙོམས་པའི་གཞུང་ལམ། ས་གཤིན་པོའི་ཞིང་ས་བཅས་ཡིན་ཞིང་། ཤང་དེའི་ཤང་ཀྲང་གཞོན་པ་ཞུས་ཡོན་ལུང་གིས་གསར་འགོད་པར་འདི་ནའི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པས་དུས་བཞིར་རི་མོ་བྲིས་པ་ལྟ་བུ་ཡིན། ཐོ་འགོད་བྱས་པར་གཞིགས་ན། སྔར་གནས་འདིར་ཨང་ཀྲུའུ་ཅེས་བརྗོད་པ་དང1947ལོར་རྒྱལ་དམངས་སྲིད་གཞུང་གི་རྒྱུགས་སྤྲོད་ཡོན་ཀྲང་ཏའེ་ཁྲོན་ཞོན་གནས་འདིར་ཡོང་དུས་ལ་ངོས་ཞེས་མིང་དུ་བསྒྱུར་བ་རེད་ཅེས་བཤད།

ས་གནས་དེ་གའི་ཆུ་ཁུངས་འབེལ་ལ་ཞིང་ས་ཧ་ཅང་གཤིན། ངག་རྒྱུན་དུ་གནས་འདིའི་ཡུལ་མིས་རྒྱལ་ཁབ་གསུམ་གྱི་དུས་སྐབས་ནས་བཟུང་རྨོ་འདེབས་བྱས་པ་དང་རྔོན་རྒྱག་པ། བྱ་རིགས་གསོ་སྐྱོང་བྱེད་འགོ་བཙུགས་པ་ཡིན་ཞིང་། དེང་སང་ཡང་འདི་ནའི་ཞིང་ཁ་དང་ཞིང་ནང་ཀུན་དུ་པད་ཁ་དང་མ་རྨོས་ལོ་ཏོག ཀུ་ཤུ་སོགས་སྐྱེ་སྟོབས་ལེགས་པར་མ་ཟད་རི་སྐྱེས་ཤ་མོ་དང་སྨན་རྩྭ་འདྲ་མིན་ཡང་སྐྱེས་ཡོད་པར་མཐོང་ཐུབ།

ཞུས་ཡོན་ལུང་གིས་ངོ་སྤྲོད་བྱས་པ་ལྟར་ན། འདི་ནའི་མང་ཚོགས་ཀྱིས་ད་དུང་སྔར་བཞིན་སྲོལ་རྒྱུན་གྱི་རྨོ་ལས་བྱེད་ཐབས་སྤྱོད་བཞིན་ཡོད། ཁོ་ཚོས་སྔར་བཞིན་རྫས་ལུད་ཉུང་སྤྱོད་དང་ཞིང་སྨན་མི་སྤྱད་པ། ཁྱིམ་གྱི་ར་ཕྱུགས་བྱ་རིགས་སོགས་གང་ཞིག་ཡིན་རུང་ཚང་མར་འབྲུ་དང་རྩྭ་ཡིས་གསོ་བཞིན་ཡོད། དེ་མིན་ཆུ་བོ་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ་གྲོང་སྡེ་དར་རྒྱས་གཏོང་བའི་དཔེ་སྟོན་ཁུལ་བཙུགས་ཆེད་ཤང་དེས་ཞིང་མུའུ3000ལ་གཡེར་མ་རྨོ་བ་དང་ཞིང་མུའུ1700ལ་ཀུ་ཤུ་རྨོ་ཡོད། ས་ཕྱོགས་སོ་སོ་ནས་ཡོངས་པའི་ཡུལ་སྐོར་བ་ཚོས་མཛེས་ལྗོངས་ལ་གཟིགས་སྐོར་བྱས་པས་མ་ཚད་ཁྱད་ལྡན་ཐོན་རྫས་ཉོ་སྒྲུབ་དང་བྲོ་བ་རོལ་བཞིད་ཡོད་ཅེས་བཤད་པ་རེད།།

དམར་དམག་རྒྱང་སྐྱོད་ཀྱི་བག་ཆགས་ཟབ་པའི་གསར་བརྗེའི་གཟི་མདངས།

  ལ་ངོས་ས་ཆའི་ཐོན་ཁུངས་ཕུན་སུམ་ཚོགས་ལ་ཤར་ནུབ་སྦྲེལ་པའི་བགྲོད་ལམ་བདེ་པོ་ཞིག་ཀྱང་ཡོད། ས་གནས་འདི་ནི་གནའ་དུས་ནས་བཟུང་གལ་འགངས་ཆེ་བའི་དམག་དོན་གྱི་གནས་ཤིག་ཡིན་པ་དང་ཐུ་བྷོ་སྟོབས་ལྡན་ཡིན་པའི་དུས་སུ་བོད་ཀྱི་སྲུང་དམག་བསྡད་མྱོང་། དེ་མིན་ཐང་རྒྱལ་རབས་ཀྱིས་ལུང་ཡན་ཅི་སྨི་ཁུལ་བཙུགས་མྱོང་ལ་མིང་རྒྱལ་རབས་ཀྱིས་དེ་གར་ས་གནས་སྲིད་གཞུང་བཙུགས་མྱོང་པས་དམག་མི་སྟོང་ཕྲག་བསླེབས་མྱོང་པ་རེད། དེ་དང་འབྲེལ་ཡོད་ཀྱི་དམག་དོན་དོན་རྐྱེན་ཁྲོད། དམར་དམག་གིས་དེ་གར་བོད་ཁུལ་གྱི་སུའུ་ཝེ་ཨེ་སྲིད་དབང་ཐོག་མ་དེ་བཙུགས་པ་རེད།

  ཧོང་ནེང་ཀུའེ་ནི་ལ་ངོས་ས་ཆའི་མི་ཡིན་ཞིང་། ལས་འཁྱུར་ངལ་གསོ་མ་བྱས་གོང་ལྕགས་ཟམ་རྫོང་རྒྱང་བསྒྲགས་ཁང་འཕྲིན་བརྙན་རིག་གནས་ཁོངས་གཏོགས་སུ་ལས་དོན་སྒྲུབ་བཞིན་ཡོད། ས་གནས་དེ་གའི་རིག་གནས་ལ་ཞིབ་འཇུག་དང་སྲུང་སྐྱོབ་ལས་དོན་ལ་ཞུགས་ནས་ད་བར་ལོ30ལྷག་འདས། ཁོང་ད་ལྟ་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་བཤམས་སྟོན་ཁང་དུ་སྒྲོག་འགྲེལ་པའི་འགན་འཁུར་བཞིན་ཡོད་པ་རེད། ཁོང་གིས1935ལོའི་ཟླ11པའི་ཟླ་འགོར་དམར་དམག་དཔུང་ཁག32པ་དང་བཞི་པ་སྔ་རྗེས་སུ་ལ་ངོས་ས་ཆར་འབྱོར་ནས་ཟླ་བ་བཅུ་གཅིག་པའི་ཟླ་དཀྱིལ་དུ་སུའུ་ཝེ་ཨེ་སྲིད་གཞུང་བཙུགས་ཡོད། དེ་ནས་དམར་དམག་དཔུང་སྡེ་ཞིག་དེ་རུ་ཉིན་བཅུ་ལྷག་བསྡད་དེ་དམག་འཐབ་བྱས་ཏེ་དམར་དམག་བཀོད་འཐབ་པ600ལྷག་རང་སྲོག་བློས་བཏང་བས། 1985ལོར་ས་གནས་འདི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པར་བཟོ་རྒྱུའི་ཆོག་མཆན་ཐོབ་པ་རེད་ཅེས་བཤད།

   ད་ལྟ་ཅུང་ཆ་ཚང་བའི་དམར་དམག་གི་རྗེས་ཤུལ་གཙོ་བོར་སུའུ་ཝེ་ཨེ་སྲིད་གཞུང་བཙུགས་སའི་གནས་རྙིང་དང་དམར་དམག་གི་དམག་སྤྱི་ཁང་། དམར་དམག་གི་སྨན་ཁང་། དམར་དམག་གི་རང་འཐག་བཅས་ཡོད་པས་ཚང་མ་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གྱུར་ཡོད་པ་རེད།

  གསར་འགོད་པས་སུའུ་ཝེ་ཨེ་སྲིད་གཞུང་གི་གནས་ས་རྙིང་པ་ནི་ཆིང་རྒྱལ་རབས་ཀྱི་བཟོ་སྐྲུན་ཉམས་འགྱུར་ལྡན་པའི་ཤིང་ཁང་ཞིག་ཡིན་པ་དང་གྱང་མདོག་ནག་པོའི་སྟེང་ལ་རྫ་གཡམ་འགེབས་པར་མཐོང་། ཁང་པ་འདིའི་ནང་བསྡད་པའི་བགྲེས་པོ་ཀྲོའུ་ཡུས་ལིན་གྱིས་གསར་འགོད་པར་ཁང་པ་འདི་དེ་སྔོན་ས་གནས་དེ་གའི་ཞིང་བདག་སྟེ་དཔོན་པོ་ཞིག་ལ་གཏོགས་པས་ཁང་པའི་གྱང་ངོས་སུ་ཁྱུང་ཆེན་དང་སེང་གེ་ལ་སོགས་པའི་མཛེས་སྡུག་ལྡན་པའི་རི་མོ་བྲིས་འདུག་ཅེས་བཤད།

ལ་ངོས་ས་ཆར་དམར་དམག་གིས་རྗེས་ཤུལ་མང་པོ་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རིག་གནས་ཤུལ་དུ་བཞག་ཡོད་པས་གནས་འདི་ནི་མིང་དོན་མཚུངས་པའི་གསར་བརྗེའི་གནས་ཤིག་ཡིན་ཞིང་། ད་ལྟ་ལ་ངོས་ས་ཆར་འགྲོ་དུས་གསར་བརྗེའི་རིག་གནས་ཀྱིས་ཤུགས་རྐྱེན་བཟང་པོ་ཐེབས་པས་མ་ཚད་ལ་ངོས་མི་དམངས་ཀྱིས་ཏང་ལ་དགའ་བ་དང་དམག་ལ་དགའ་བའི་སྙིང་སྟོབས་ཀྱི་ཉམས་འགྱུར་བསྟན་ནས་མི་གཞན་དག་ལ་ངར་ཤུགས་འཕེལ་དུ་བཅུག།

གསར་བརྗེའི་གནའ་གྲོང་ལ་ངོས་ལ་བསྐྱོད་པའི་མཐོང་ཐོས།

པར་འདི་ནི་ལ་ངོས་ལ་ཡོད་པའི་སུའུ་ཝེ་ཨེ་སྲིད་གཞུང་གི་རྗེས་ཤུལ་གྱི་ཟུར་ཞིག་རེད།

རིག་གནས་ལོ་རྒྱུས་ཀྱིས་ཀུན་ནས་ཕྱུག་པའི་གནའ་གྲོང་གི་མཚར་མདངས།

  ལ་ངོས་ནི་གསར་བརྗེའི་གནས་མཆོག་ཡིན་པར་མ་ཟད། ད་དུང་ལོ་རྒྱུས་ཡུན་རིང་ལྡན་ལ་རིག་གནས་ཀྱི་ནང་དོན་ཟབ་པ་དང་། མི་རིགས་ཀྱི་ཐུན་མིན་རིག་གནས་ཁྱད་ཆོས་ལྡན་པའི་གནའ་བོའི་གྲོང་རྡལ་འདིར་རིག་གནས་སྣ་མང་འདུས་ཤིང་། ཚོན་མདངས་རྣམ་པར་བཀྲ་བའི་རིག་གནས་ཀྱི་ཉམས་འགྱུར་རབ་ཏུ་མངོན་པ་རེད།

ལ་ངོས་ཤང་གི་གསར་བརྗེའི་སྲོལ་རྒྱུན་སློབ་གསོའི་བཤམས་སྟོན་ཁང་དུ་གསར་འགོད་པས་རྡོ་ཆས་སྤྱོད་པའི་དུས་རབས་གསར་པའི་རྡོ་ཆས་དང་། ཁྲུན་ཆིའུ་དུས་སྐབས་ཀྱི་ལི་ཆས། ཧན་ནུབ་མ་རྒྱལ་རབས་ཀྱི་སོ་ཕག མིང་རྒྱལ་རབས་སྐབས་ཀྱི་ལག་རྟེན། ཆན་ལུང་དུས་སྐབས་ཀྱི་རས་རིས་སོགས་རིག་གནས་དངོས་རྫས་དུ་མ་མཐོང་།

  ཧང་ནེང་ཀུའེ་ཡིས་གསར་འགོད་པར་བཤད་རྒྱུར། འདེད་རྩིས་རགས་ཙམ་བྱས་པ་ལྟར་ན། ལ་ངོས་ས་ཁུལ་དུ་རྡོ་ཆས་སྤྱོད་པའི་དུས་རབས་གསར་པ་ནས་མིའི་རིགས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། ཧན་རྒྱལ་རབས་སྐབས་འཕེལ་རྒྱས་ཕྱིན་ཞིང་ཐང་རྒྱལ་རབས་སྐབས་འཚར་ལོངས་བྱུང་བ་དང་མིང་རྒྱལ་རབས་སྐབས་དར་འཕེལ་བྱུང་བ་རེད། དུས་མཚུངས་སུ་གནའ་རྫས་དཔྱད་ཞིབ་རུ་ཁག་གིས་ད་དུང་ལ་ངོས་ལ་མིང་རྒྱལ་རབས་སྐབས་ཀྱི་ཡན་ཀྲུའུ་ཝེ་ཡི་དམག་དོན་རྗེས་ཤུལ་དང་གནའ་བོའི་ཇ་འདྲེན་རྡལ་ལམ་གྱི་རྗེས་ཤུལ་ཡང་མཐོང་བ་རེད། དེ་མིན་ད་དུང་ལ་ངོས་ལ་སྔོག་འདོན་བྱས་པའི་བསྟན་བཅོས་ཀྱི་པར་གཞི་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་པ་ནས་ལ་ངོས་ལ་བོད་ཀྱི་རིག་གནས་ལོ་རྒྱུས་ཡོད་མྱོང་པར་བདེན་དཔང་བྱེད་ཐུབ་པ་རེད།

   དེང་སང་ལ་ངོས་ས་ཁུལ་གྱི་དམངས་སྲོལ་རིག་གནས་ལ་གཅིག་གྱུར་གྱིས་ཀུའེ་ཆའང་རིག་གནས་ཞེས་འབོད་བཞིན་ཡོད། ཐང་རྒྱལ་རབས་སྐབས་སུ་ལ་ངོས་ནི་ཆའང་རིགས་སྡེ་ཁག་གི་འདུ་འཛོམས་བྱ་ཡུལ་ཡིན། རྗེས་སུ་རྨུ་ཆའང་དང་ཏང་ཞང་ཆའང་གཉིས་ཀྱང་ཡུལ་དེར་སྤོས་རྗེས་ཀུའེ་ཆའང་སྡེ་ཁག་ཏུ་གྲུབ་པ་རེད། སྡེ་ཁག་དེས་བེད་སྤྱོད་གཏོང་བཞིན་པའི་སྐད་རིགས་ལ་ཀུའེ་ཆའང་གི་སྐད་རིགས་ཞེས་འབོད་འདུག དེར་བརྟེན་སྡེ་ཁག་དེའི་རིག་གནས་ལ་ཀུའེ་ཆའང་རིག་གནས་ཞེས་ཟེར་བཞིན་པ་རེད་ཅེས་ཧང་ནེང་ཀུའེ་ཡིས་ངོ་སྤྲོད་དེ་ལྟར་བྱས། 

  ད་ལྟ་ལ་ངོས་ལ་ཉར་ཚགས་ཆེས་ཆ་ཚང་བྱས་ཡོད་པའི་ཀུའེ་ཆའང་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཡོད་པའི་བདེན་དཔང་ཡང་བཟོ་བཀོད་དང་། ཚེམ་དྲུབ། གོས་རྒྱན། གླུ་གར། སྐད་རིགས་སོགས་ཐད་ནས་མཚོན་ཐུབ་ཀྱི་ཡོད།

  ཚེམ་དྲུབ་ནི་ཀུའེ་ཆའང་རིག་གནས་ཀྱི་མཚོན་བྱེད་གཙོ་བོ་ཡིན་པས། ལ་ངོས་བུ་མོས་ཆུང་དུས་ནས་ཚེམ་དྲུབ་ལག་རྩལ་སྦྱོང་བཞིན་པར་མ་ཟད། སྐབས་དེར་ཚེམ་དྲུབ་ཀྱི་འཇོན་ནུས་དང་ཀུན་སྤྱོད་མཉམ་འབྲེལ་བྱེད་བཞིན་ཡོད། བུ་མོ་ཚོའི་ཚེམ་དྲུབ་ལག་རྩལ་མཁས་མིན་ནི་ཡུལ་དེའི་བག་མ་བསུ་བའི་གཞི་རྩའི་ཆ་རྐྱེན་དུ་གྱུར། ཧང་ནེང་ཀུའེ་ཡིས་ཀུའེ་ཆའང་ཚེམ་དྲུབ་དེ་ཐང་རྒྱལ་རབ་ནས་ད་བར་དུ་རྒྱུན་མཐུད་འཕེལ་རྒྱས་བྱུང་ནས་ཡུལ་དེའི་ཚེམ་དྲུབ་ཐོན་རྫས་དེ་རྒྱལ་མོ་ཝུའུ་ཙེ་ཐེན་ལ་ཕུལ་མྱོང་། ཀུའེ་ཆའང་ཚེམ་དྲུབ་བཟོ་རྩལ་ཡང་ཕོ་བྲང་དུ་བར་སྐབས་ཤིག་ལ་དར་ཁྱབ་འགྲོ་བ་རེད། དེང་སང་ལ་ངོས་མང་ཚོགས་ཀྱིས་སྔར་བཞིན་ཚེམ་དྲུབ་ཀྱི་གོས་རྒྱན་ཆ་ལུགས་ལ་དགའ་པོ་བྱེད་ཀྱི་ཡོད། ལོ་ན་ཅུང་ཆེ་བའི་ལ་ངོས་ཀྱི་བུད་མེད་ཚང་མས་ཚེམ་དྲུབ་བྱེད་ཤེས་ཀྱི་ཡོད། ཡུལ་དེར་ད་དུང་ཚེམ་དྲུབ་མཉམ་ལས་ཁང་བཙུགས་ཏེ་ཚོང་ཁྲོམ་ཅན་དུ་འགྱུར་བའི་ལམ་བུ་འཚོལ་ཉུལ་བྱེད་བཞིན་པའི་སྒང་ཡིན་ཞེས་བཤད།

  ཀུའེ་ཆའང་གི་སྲོལ་རྒྱུན་གྱི་གོས་རྒྱན་ནི་ཆའང་རིགས་ཀྱི་ཉམས་འགྱུར་ལྡན་པའི་ལྭ་རིང་ཡིན། ཚོན་མདོག་སྔོན་པོ་དང་ནག་པོ་གཙོ་བོ་བྱས་ཏེ་ཕྲ་རྒྱན་དང་མགོ་རས་སྡེབ་སྒྲིག་བྱས་ཡོད། ལ་ངོས་ཀྱི་མི་ཚོ་གླུ་གར་དང་རོལ་དབྱངས་ལ་མཁས་པ་དང་། སྐོར་བྲོ་འཁྲབ་སྟངས་གཞན་དང་མི་འདྲ་བར་འཇམ་ཞིང་མཉེན་པའི་ཁྱད་ཆོས་ཡོད། ཀུའེ་ཆའང་ལ་སྐད་རིགས་མ་གཏོགས་ཡི་གེ་མེད་པར་མ་ཟད་སྐད་རིགས་བེད་སྤྱོད་གཏོང་རྒྱ་ཆུང་བས་དེང་སོང་ལ་ངོས་ཀྱི་མི་ཕལ་ཆེར་གྱིས་རྒྱ་སྐད་བཤད་ཀྱི་འདུག

   ཁྲེང་ཏུའུ་ནུབ་རྒྱབ་ཀྱི་མེ་ཏོག་ལྡུམ་ར་དང་བདེ་གསོ་སྤྲོ་གསེང་ཡུལ་གྲུ། དཀར་མཛེས་ཁུལ་གྱི་རྒྱལ་རོང་རྔུལ་ཆུ་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་རིང་དུ་ལ་ངོས་ལ་ཁྱད་འཕགས་ཐོན་ཁུངས་དང་ས་ཁུལ་གྱི་དགེ་མཚན་ལྡན་པས་ན་གནད་ཆེའི་ས་ཁུལ་གྱི་གྲས་སུ་བཞག་ཡོད། ལྕགས་ཟམ་རྫོང་གིས་ས་ཁུལ་དེར་གསར་བརྗེའི་གནས་གཞི་ལ་ངོས་དང་ཀུའེ་ཆའང་གི་གནའ་གྲོང་དུ་གཏན་ཁེལ་བྱས་པ་དང་། ཀུའེ་ཆའང་རིག་གནས་དང་། རྨོ་འདེབས་རིག་གནས། གསར་བརྗེའི་རིག་གནས་བཅས་སྔོག་འདོན་དང་རྒྱུན་འཛིན་བྱ་རྒྱུ་གཏན་ཁེལ་བྱས། དམར་དམག་གི་དཔའ་བོའི་དྲན་གསོ་རྡོ་རིང་དང་སྔོན་གཤེགས་དཔའ་བོའི་བང་སོ། ལ་ངོས་ཀྱི་གནའ་གྲོང་བཅས་གཙོ་བོར་བྱས་ཏེ་ལ་ངོས་གྲོང་སྡེ་དར་སྤེལ་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་བསམ་ཕྱོགས་གྲུབ་པ་རེད།།


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་དར་མདོ་གྲོང་ཁྱེར་དུ་ས་གཤིས་གནོད་འཚེ་འགོག་བཅོས་ལས་ཀར་ལྟ་སྐུལ་ཁྲིད་སྟོན་གནང་བ་དང་ཆུ་དཔོན་ལམ་ལུགས་ཀྱི་ཆུར་སྐོར་ཞིབ་བྱེད་པའི་ལས་ཀ་སྤེལ།
  • ལེ་ཚན་རྗེས་མ།:2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་གཞི་གྲངས་ཆེན་མོའི་ཐོན་ལས་དངོས་མང་སྟོན་ཚོགས་ཀུའེ་དབྱང་དུ་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།