2019ལོའི་རྒྱལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་དགའ་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་སྤེལ་འགོ་ཚུགས་པ།

        2019-04-17

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ4པའི་ཚེས12ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་དོན། 2019ལོའི་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་བྱ་དགའ་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་ཚེས12ཉིན་དངོས་སུ་སྤེལ་འགོ་ཚུགས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་དང་སྣེ་ཁྲིད་སྡེ་ཚན་ཁག་གིས་རྒྱལ་ཡོངས་དཔྱད་འདེམས་གཞུང་དོན་ཁང་ལ་འོས་མི་དང་འོས་འདེམས་རྩ་འཛུགས་འོས་སྦྱོར་གོང་ཞུ་བྱེད་པའི་དུས་ཚོད་སྤྱི་ཟླ5པའི་ཚེས31ཉིན་བར་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་བྱ་དགར་ཡར་བརྩོན་བྱ་དགའ་དང་། བྱས་རྗེས་བྱ་དགའ། ལེགས་སྐྱེས་བྱ་དགའ། གསར་གཏོད་བྱ་དགའ། རྩ་འཛུགས་གསར་གཏོད་བྱ་དགའ་བཅས་བྱ་དགའ་ཁག5བཙུགས་ཡོད། དེའི་ཁྲོད་ཀྱི་ཡར་བརྩོན་བྱ་དགའ་དང་། བྱས་རྗེས་བྱ་དགའ། ལེགས་སྐྱེས་བྱ་དགའ།གསར་གཏོད་བྱ་དགའ་བཅས་བྱ་དགའ་རེས་སྔོན་ཐོན་མི་སྒེར25ཡས་མས་ལ་གཟེངས་བསྟོད་བྱེད་རྒྱུ་དང་། སྔོན་ཐོན་སྡེ་ཚན40ཡས་མས་ལ་རྩ་འཛུགས་གསར་གཏོད་བྱ་དགའ་སྤྲད་ནས་གཟེངས་བསྟོད་བྱེད་རྒྱུ་ཡིན་པར་བསྡོམས་གཟེངས་བསྟོད་མི་གྲངས140ལྷག་ཙམ་ཟིན་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཤ་ཀེང་ཧྲེང་གིས་ངོ་སྤྲོད་བྱས་དོན། འདི་ལོ་ནི་དབུལ་ཐར་འགག་སྒྲོལ་གྱི་བྱ་དགའ་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་སྤེལ་ཐེངས་བཞི་པ་ཡིན་ཞིང་། སྔ་ལོ་དང་བསྡུར་ན། འདི་ལོའི་བྱ་དགའ་འཛུགས་པ་དང་། གཟེངས་བསྟོད་ཀྱི་གྲངས་འབོར། གཟེངས་བསྟོད་བྱ་ཡུལ། འོས་སྦྱོར་བྱ་ཐབས། འོས་སྦྱོར་མི་གྲངས་བཅས་བགོ་བཤའ་རྒྱག་སྟངས་ཀྱི་ཇུས་གཞི་སོགས་ཕྱོགས་བཞིར་འགྱུར་ལྡོག་མེད་པ་དང་དུས་མཚུངས། དབུལ་ཐར་འགག་སྒྲོལ་གྱི་འཐབ་ས་གཙོ་བོ་དང་གཞི་རིམ་གྱི་ལས་གྲྭ་དང་པོར་ཕྱོགས་པར་སྔར་བས་མཐོང་ཆེན་བྱས་ནས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དངོས་ཀྱི་ཕྱོགས་སྟོན་ནན་བཤད་དང་། རྒྱ་ཁྱབ་ཀྱི་ཚབ་མཚོན་རང་བཞིན་འབུར་དུ་ཐོན་པར་སྔར་བས་མཐོང་ཆེན་བྱས་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་དབུལ་ཐར་འགག་སྒྲོལ་གྱི་བྱ་གཞག་རླབས་ཆེན་ལ་ཞུགས་པ་ཏན་ཏིག་མཚོན་པར་བྱས་ཡོད།

རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་བྱ་དགའ་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་གིས་སྒྲིག་འཛུགས་དང་ལག་ལེན་བསྟར་ཞིང་། 2019ལོའི་རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་བྱ་དགའ་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་ཟླ10པའི་ཟླ་དཀྱིལ་དུ་མཇུག་འགྲིལ་རྒྱུ་རེད། རྒྱལ་ཡོངས་དབུལ་སྐྱོར་ཉིན་མོའི་རིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོ་ཆུང་གིས་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས། བྱ་དགའ་ཐོབ་མཁན་སྔོན་ཐོན་མི་སྒེར་དང་སྔོན་ཐོན་རྩ་འཛུགས་ལ་གཟེངས་བསྟོད་གཟབ་རྒྱས་བྱེད་རྒྱུར་མ་ཟད། སྔོན་ཐོན་བྱས་རྗེས་སྐོར་སྐྱོད་སྙན་ཞུའི་ཚོགས་འདུ་འཚོགས་པ་དང་དབུལ་ཐར་འགག་སྒྲོལ་གྱི་བྱ་དགའི་དམིགས་བསལ་ལེ་ཚན་བཟོ་བ་སོགས་ཀྱི་རྣམ་པར་བརྟེན་ནས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་རྣམ་པ་ཟབ་མོ་གཏོད་རྒྱུ་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གྱོང་པ་སློབ་གྲྭས་གནའ་བྲོའི་འགྲན་སྡུར་སྤེལ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་དཔྱིད་རྨོས་ལ་སྐུལ་འདེད་བརྟན་པོ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།