བློ་བཟང་དགེ་ལེགས་རྒྱ་ནག་ཁྲེང་ཏུའུ་གྲོང་ཁྱེར་དུ་འགྲུལ་སྐོར་ལ་ཕྱིན་པ།

དབྱངས་ཅན་གྱིས།        2019-01-25

   

བློ་བཟང་དགེ་ལེགས་རྒྱ་ནག་ཁྲེང་ཏུའུ་གྲོང་ཁྱེར་དུ་འགྲུལ་སྐོར་ལ་ཕྱིན་པ།

   ཉེ་ཆར། ཁྲེང་ཏུའུ་ཧའེ་ཁྲང་རྒྱ་མཚོའི་སྤྱི་གླིང་དུ་རང་དབང་གིས་ཟློས་གར་ཅི་ཡང་འཁྲབ་བཞིན་པའི་རྒྱ་མཚོའི་ཁྲོད་ཀྱི་སྐྱེ་དངོས་དག་གིས་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་ནས་འོངས་པའི་བུ་ཆུང་བློ་བཟང་དགེ་ལེགས་ཀྱི་ཡིད་དབང་རབ་ཏུ་འཕྲོག་པ་རེད། ཨ་ཙི་རྒྱང་ཐག་ཉེ་མོ་འདི་འདྲ་ཞིག་ནས་རྒྱ་མཚོའི་སྐྱེ་དངོས་མང་པོ་འདི་འདྲ་མཐོང་ཐུབ་རྒྱུ་ནི་རྨི་ལམ་ནང་ལའང་བསམ་མ་མྱོང་ཞེས་བློ་བཟང་དགེ་ལེགས་ཀྱི་ཁ་ནས་ཚིག་དེ་དབང་མེད་དུ་ཤོར།

བློ་བཟང་དགེ་ལེགས་ནི་མཐོ་སྒང་རི་གྲོང་དུ་འཚར་ལོངས་བྱུང་བའི་དམའ་རིམ་སློབ་འབྲིང་གི་སློབ་མ་ཞིག་ཡིན་པའི་ཆ་ནས། གྲོང་ཁྱེར་ཆེན་པོར་བསླེབས་རྗེས་ཕྱི་ཕྱོགས་ངོ་མཚར་ཆེ་བའི་འཇིག་རྟེན་ལ་ལྟད་མོ་ལྟ་བ་དང་དངོས་སུ་མྱོང་རོལ་བྱ་རྒྱུ་བྱུང་ནས་བློ་རིག་གི་སྒོ་མོ་འབྱེད་ཐུབ་པ་ནི་བཤད་མི་དགོས་པ་རེད།
   ང་རང་རི་གྲོང་ནས་ཕྱི་ལ་གཏན་ནས་འགྲོ་མ་མྱོང་། གོ་སྐབས་ཡག་པོ་འདི་འདྲ་དང་འཕྲད་ཐུབ་པ་ནི་ཨ་ཁུ་ཁོ་དང་ཨ་ཁུ་ལི་ལགས་ཀྱི་བཀའ་དྲིན་རེད་ཅེས་བློ་བཟང་དགེ་ལེགས་ཀྱིས་བཀའ་དྲིན་ཚོར་བའི་སྒོ་ནས་དེ་ལྟར་བཤད། བློ་བཟང་དགེ་ལེགས་ཀྱིས་བཤད་བཞིན་པའི་ཨ་ཁུ་དེ་གཉིས་ནང་གི་གཅིག་ནི་ཕྱག་ཕྲེང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཁོ་ཅང་ཡིན་པ་དང་། ཅིག་ཤོས་ནི་སི་ཁྲོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ཕྱག་ཕྲེང་རྫོང་དུ་འགན་སྦྱར་སྦྱོང་བརྡར་བྱེད་སར་ཡོང་བའི་ལས་བྱེད་པ་ལི་ཅིན་སུང་ཡིན་པ་རེད། ཁོང་གཉིས་ཀྱིས་ཕ་ཡུལ་ཁྲེང་ཏུའུ་རུ་གཉེན་ཉེ་ཐུག་སར་འགྲོ་བའི་གོ་སྐབས་དང་བསྟུན་ནས་དབུལ་སྐྱོར་བྱ་ཡུལ་ཕྱག་ཕྲེང་རྫོང་རག་ཝ་ཤང་ནགས་མུ་གྲོང་སྡེའི་དབུལ་ཕོངས་དུད་ཚང་ཚེ་རིང་ལྷ་སྒྲོན་ཚང་གི་བུ་ཆེ་བ་བློ་བཟང་དགེ་ལེགས་ཁྲེང་ཏུའུ་ལ་ཁྲིད་ནས་ཉིན10རིང་ངོ་མཚར་ཚན་རྩལ་མྱོང་རོལ་བྱེད་པའི་འགྲུལ་སྐོར་ཐེངས་ཤིག་གི་གོ་སྐབས་བྱིན་པ་རེད།

ཚན་རྩལ་དང་ཉེ་བཅར་བྱས་ཏེ་མཐོང་རྒྱ་ཆེ་རུ་སོང་།

   སི་ཁྲོན་དངོས་མང་བཤམས་སྟོན་ཁང་ནས་ཁྲེང་ཏུའུ་ཧའེ་ཁྲང་རྒྱ་མཚོའི་སྤྱི་གླིང་བར་དང་། ཅིན་ཧྲ་རྗེས་ཤུལ་ནས་ཁྲེང་ཏུའུ་བྱི་ལ་དོམ་གྱི་གསོ་སྤེལ་ཞིབ་འཇུག་རྟེན་གཞིའི་བར་སོགས་ས་ཆ་གང་དུ་སླེབས་རུང་བློ་བཟང་དགེ་ལེགས་ཀྱིས་རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་ལྟ་ཞིབ་ཞིབ་ཕྲ་བྱེད་ཞོར་ཟིན་དེབ་ཐོག་ཏུ་ཟིན་ཐོ་ཡང་བཀོད་པ་རེད།

   ང་རང་གིས་སྒྲོག་འགྲེལ་བྱེད་མཁན་དགེ་རྒན་གྱིས་བཤད་པའི་ནང་དོན་དེ་ཚོ་ཟིན་ཐོར་བཀོད་ནས། རྗེས་མར་ཕ་ཡུལ་དུ་ལོག་རྗེས་ཉེ་འཁོར་གྱི་གྲོགས་པོ་ཚོར་བཤད་ཏེ་ང་ཚོའི་མེས་རྒྱལ་ལ་འགྱུར་ལྡོག་ཆེན་པོ་ཡོང་ཡོད་པ་དང་སྟོབས་ཤུགས་ཆེན་པོ་གྱུར་ཟིན་པའི་གནས་ཚུལ་ཤེས་སུ་འཇུག་རྒྱུ་ཡིན་ཞེས་པའི་སྐད་ཆ་དེ་ནི་བློ་བཟང་དགེ་ལེགས་ཀྱིས་འབྱུང་འགྱུར་ལ་ཡིད་སྨོན་བྱས་ནས་དེ་ལྟར་བཤད་པ་རེད།

   ལི་ཅིན་སུང་གིས་སྨྱུག་འཛིན་པར་བློ་བཟང་དགེ་ལེགས་ཁྲེང་ཏུའུ་ལ་གཏན་ནས་ཡོང་མ་མྱོང་བས། ངས་ད་དུང་བུ་ཆུང་འདི་ཁྲེང་ཏུའུ་ལ་སླེབས་རྗེས་ཁོར་ཡུག་དང་ས་ཆུ་འཕྲོད་མིན་སོགས་ལ་བསམས་ནས་སེམས་ཁྲལ་བྱས་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ནི་ཁོ་རང་ཁོར་ཡུག་དང་ས་ཆུ་ལ་ཆེས་འཕྲོད་པར་མ་ཟད། ད་དུང་ཕྱོགས་གང་ཐད་ཀྱི་གནས་ཚུལ་མང་པོ་འདྲི་རྟོགས་བྱེད་བཞིན་པ་དང་སློབ་སྦྱོང་བྱེད་སྙིང་ཧ་ཅང་སྤྲོ་བའི་བུ་བཟང་པོ་ཞིག་རེད་ཅེས་བཤད་པ་རེད།

    སྔོན་མར་ང་རང་གིས་གློག་བརྙན་ཐོག་ནས་བྱི་ལ་དོམ་མཐོང་མྱོང་བ་མ་གཏོགས་འདི་འདྲའི་རྒྱང་ཐག་ཉེ་ས་ནས་མཐོང་མ་མྱོང་། ཨ་ཙི། བྱི་ལ་དོམ་འདི་ཚོ་ཅི་འདྲའི་སྙིང་རྗེ་མོ་ཞིག་འདུག འོ་རེད། ཨ་སྲུ་ལི་ལགས། ངས་ཁྱེད་རང་ལ་སྐད་ཆ་ཞིག་འདྲི་བསམ་ཡོད། ཆུ་མོ་འདི་དག་གང་འདྲ་བྱས་ནས་འཚར་ལོངས་ཡོང་ཐུབ་པ་རེད་ཅེས་མཐོ་སྒང་ནས་གྲོང་ཁྱེར་ཆེན་པོར་ཐོན་མ་མྱོང་བའི་བློ་བཟང་དགེ་ལེགས་ལ་མཚོན་ན་ག་ས་གར་བལྟས་ན་ཡང་ཡ་མཚན་སྐྱེས་ཡས་ཀྱི་དངོས་པོ་ཞིག་ལས་མེད་པས་དེ་འདྲའི་དྲི་བ་མང་པོ་ཞིག་བཏོན་པ་ལ་ཁག་ཅི་ཡོད།

    སི་ཁྲོན་ཚན་རྩལ་ཁང་གི་འགྲེམ་སྟོན་དངོས་རྫས་དེ་དག་ནི་ཚན་རྩལ་དང་། ཤེས་བྱ། སྤྲོ་སྣང་བཅས་ཀྱི་རང་བཞིན་ཡོད་པ་དང་། དངོས་སུ་ཞུགས་པ་དང་སྒྱུ་རྩལ་རང་བཞིན་སོགས་འདུས་ཡོད་པས། སྒྲ་དང་། འོད། གློག་སོགས་དེང་རབས་ཅན་དུ་འགྱུར་བའི་འགྲེམ་སྟོན་བྱེད་ཐབས་ལ་བརྟེན་ནས། སྤྱི་དམངས་ལ་གསོན་ཉམས་ལྡན་པའི་ཚན་རིག་ལག་རྩལ་གྱི་ཤེས་བྱ་ཁྱབ་གདལ་བཏང་དང་གཏོང་བཞིན་ཡོད་པ་རེད།

    བློ་བཟང་དགེ་ལེགས་ལ་ཤེས་བྱ་དེ་བས་མང་པོ་ཤེས་སུ་བཅུག་པའི་ཆེད་དུ། ས་ཆ་རེར་སླེབས་དུས་ལི་ཅིན་སུང་དང་སི་ཁྲོན་ཚན་རྩལ་ཁང་གི་ལས་སྒྲུབ་མི་སྣ་ལིའུ་ལིང་གིས་བློ་བཟང་དགེ་ལེགས་ལ་འགྲེལ་བཤད་ཞིབ་ཕྲ་བྱས་པས། རེ་འགའ་བློ་བཟང་དགེ་ལེགས་ཀྱིས་རྣ་བ་བླགས་ཏེ་ཞིབ་མོ་བློ་ཡིས་ཉན་པ་དང་། སྐབས་འགའ་བློ་བཟང་དགེ་ལེགས་སེམས་པ་རབ་ཏུ་སྤྲོ་ནས་ཐལ་སྒྲ་དབང་མེད་དུ་བརྡེབས་པ་རེད།

   སི་ཁྲོན་ཚན་རྩལ་ཁང་དུ་ལྟ་སྐོར་བྱེད་སྐབས་བློ་བཟང་དགེ་ལེགས་ལ་སེམས་འགུལ་ཡང་ཡང་ཐེབས་ནས། ཚན་རྩལ་ཁང་ནང་གི་ཅ་ལག་ཚང་མ་དེ་འདྲ་སྔོན་ཐོན་རེད་འདུག ངོ་མ་ཧ་ལས་དགོས་པ་ཞིག་རེད། རྗེས་མར་ང་རང་གིས་ཀྱང་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་པ་ལ་རང་ཉིད་ཀྱི་ནུས་པ་ཕྲན་བུ་འདོན་ངེས་ཡིན་ཞེས་ཡིད་ཆེས་ཀྱིས་ཁེངས་ནས་དེ་ལྟར་བཤད་པ་རེད།

   སློབ་སྦྱོང་ལ་འབད་འབུངས་བྱས་ཏེ་འབྱུང་འགྱུར་མི་ཚེར་མདུན་ལམ་བཟང་པོ་བསྐྲུན།

   ཉེ་བའི་ལོ་ཤས་རིང་སི་ཁྲོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཕྱག་ཕྲེང་རྫོང་གི་དབུལ་སྐྱོར་རོགས་རམ་སྡེ་ཚན་ཡིན་པའི་ཆ་ནས། ཐོག་མར་དབུལ་སྐྱོར་བྱ་དགོས་ན་དབུལ་ཐར་གྱི་ངར་ཤུགས་བསླང་དགོས་པ་དང་། དབུལ་ཐར་གྱི་ངར་ཤུགས་བསླང་དགོས་ན་སྔོན་ལ་བློ་རིག་སྐྱོར་དགོས་པའི་བྱེད་ཐབས་གལ་ཆེན་ལག་ལེན་དངོས་སུ་བསྟར་དགོས་པའི་འདུ་ཤེས་འཛིན་པ་དང་། བློ་རིག་དང་མོས་མཐུན་ལྡན་པའི་ཚན་རྩལ་བྱེད་སྒོ་ཕུན་སུམ་ཚོགས་པ་སྤེལ་ནས། མུ་མཐུད་དེ་དབུལ་ཕོངས་ས་ཁུལ་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་བསླང་གང་ཐུབ་བྱེད་ཆེད། ཕྱག་ཕྲེང་རྫོང་ནང་ཁུལ་དུ་ཚན་རྩལ་གྱི་ཆེད་དོན་འཆད་ཁྲིད་དང་ཚན་རྩལ་འཁོར་རྒྱུག་ཁང་གི་བྱེད་སྒོ་སྤེལ་བར་ཕུད། ད་དུང་ཚན་པ་བགོས་ནས་ཕྱག་ཕྲེང་རྫོང་གི་དབུལ་ཕོངས་སློབ་མ་ཁྲེང་ཏུའུ་ལ་དབྱར་སྒར་དང་། ཚན་རིག་ཁྱབ་སྤེལ་བྱེད་སར་ལྟ་སྐོར། ཚན་རིག་ཁྱབ་སྤེལ་གཏོང་བའི་བསམ་ཚུལ་བརྗེ་རེས་བྱེད་པ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་རབ་དང་རིམ་པ་བྱས་ནས་གྲུབ་འབྲས་ཡག་པོ་ཐོབ་པ་རེད།

   བློ་བཟང་དགེ་ལེགས་ཐེངས་འདིར་ཁྲེང་ཏུའུ་ལ་བསླེབས་ནས་འཛམ་གླིང་དང་འབྱུང་འགྱུར་གྱི་མཐོང་རྒྱ་ཇེ་ཆེར་ཕྱིན་ནས་ཤེས་བྱ་མང་པོ་རྟོགས་ཐུབ་པ་དང་། ཡར་རྒྱས་བརྩོན་ལེན་གྱི་མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ་གསོ་སྐྱོང་བྱེད་ཆེད། ལི་ཅིན་སུང་དང་ལིའུ་ལིང་གཉིས་ཀྱིས་སི་ཁྲོན་ཚན་རྩལ་ཁང་དང་། སི་ཁྲོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་། སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་། ཁྲེང་ཏུའུ་ཧའེ་ཁྲང་རྒྱ་མཚོའི་སྤྱི་གླིང་སོགས་ཚན་རྩལ་རིགས་ཀྱི་འགྲེམ་སྟོན་ཁང་དང་ལས་རིགས་སློབ་གྲྭ2ལ་ལྟ་སྐོར་བྱེད་སར་ཁྲིད་པ་རེད།

   སྨྱུག་འཛིན་པས་ཤེས་རྟོགས་བྱུང་བར་གཞིགས་ན། བློ་བཟང་དགེ་ལེགས་ཡོང་བའི་གནས་ཚུལ་ཤེས་རྗེས། ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ་ཝང་ཝན་ཁུན་གྱིས་བློ་བཟང་དགེ་ལེགས་ལ་བྱམས་བརྩེའི་ངང་ནས་གླེང་མོལ་བྱས་པར་མ་ཟད། ཁོ་རང་ལ་ད་ཐེངས་ཁྲེང་ཏུའུ་ལ་སློབ་སྦྱོང་བྱེད་སར་ཡོང་བའི་གོ་སྐབས་གཅེས་སྤྲས་བྱས་ཏེ། ལྟ་སྐོར་ཞིབ་ཕྲ་དང་སློབ་སྦྱོང་ཡག་པོ་བྱས་ཏེ། རྗེས་མར་ཕ་ཡུལ་གྱི་རྣམ་པ་འཕོ་འགྱུར་གཏོང་བ་དང་རང་རེའི་ཁྱིམ་ཚང་དབུལ་ཕོངས་ལས་ཐར་ནས་འབྱོར་འབྲིང་གི་ལམ་དུ་བསྐྱོད་ཐུབ་པའི་ཆེད་དུ་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་སྐུལ་མ་གནང་བ་རེད།

   ལོ་ན18ལོན་པའི་བློ་བཟང་དགེ་ལེགས་དམའ་རིམ་སློབ་འབྲིང་ནས་སློབ་མཐར་ཕྱིན་ཚར་བས། མུ་མཐུད་ནས་སློབ་སྦྱོང་བྱེད་པའི་སྐོར་ལ་ཁོ་རང་གིས་འཕྲལ་ཐག་མི་ཆོད་པར་བརྟེན། ཞིང་ཆེན་ཚན་རྩལ་ཁང་གིས་ད་དུང་དམིགས་བཀར་གྱིས་ཁོ་རང་ཞིན་ཧྭ་སློབ་གསོ་ཚོགས་པའི་ཝན་ཐུང་རླངས་འཁོར་སློབ་གསོའི་ལས་རིགས་སློབ་གྲྭར་ལྟ་སྐོར་དང་བརྗེ་རེས་བྱེད་སར་ཁྲིད་པར་མ་ཟད། ཚན་རྩལ་གསར་གཏོད་ཀྱི་ཁྱད་ཆོས་ལྡན་པའི་མཉམ་འགུལ་བྱ་སྤྱོད་སོགས་ཀྱི་བྱེད་སྒོ་ཡང་སྤེལ་བ་རེད།

བློ་བཟང་དགེ་ལེགས་ཀྱིས་སྤོབས་པ་ཡིད་ཆེས་ཀྱིས་ཁེངས་པའི་སྒོ་ནས་ང་རང་གིས་འཚོ་བ་སྐྱིད་པོར་མྱོང་རོལ་བྱེད་ཐུབ་སོང་བས། སློབ་སྦྱོང་ལ་སྔ་ལས་ལྷག་པ་འབད་བརྩོན་ཧུར་ཐག་བྱ་རྒྱུ་དང་། ཕ་ཡུལ་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་ཀྱང་དེ་བས་སྲ་བརྟན་དུ་གྱུར་སོང་ཞེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:དུད་ཁྱིམ43ཡོད་པའི་ལུང་ཁུག་གི་གྲོང་ཚོ་ནས་སློབ་ཆེན་སློབ་མ26བྱུང་འདུག
  • ལེ་ཚན་རྗེས་མ།:《ལིའུ་ཝུན་ཧུའེ་ཞི་ཁམས་སུ་ཡོད་དུས》ཞེས་པའི་དཔེ་དེབ་དངོས་སུ་དཔར་འགྲེམ་བྱས།
  • དོ་སྣང་ཆེ་བའི་རྩོམ།