མཛའ་གཞས་ཀྱི་ཆོལ་ཁ་དར་རྩེ་མདོའི་འཕེལ་རྒྱས་ཀྱི་གོམ་སྟབས།

གངས་སྐྱིད་ཀྱིས་བསྒྱུར།        2019-01-21

གྲོང་ཁྱེར་གྱི་གསོན་ཤུགས་འཕེལ་ཁ་དར་བའི་གཞི་རྒྱུ་ནི་རིག་གནས་རྒྱུད་འཛིན་བྱས་པར་རག་ལས་པ་རེད། ལོ་ངོ་མང་པོའི་རིང་ལ་མི་རིགས་དུ་མ་ཞིག་མཚོ་བོད་མཐོ་སྒང་གི་ཤར་ལྷོ་རྒྱུད་དུ་གནས་པའི་དར་རྩེ་མདོར་འཚོ་གནས་བྱས་མཐར། སྣ་མང་འདུས་པའི་རིག་གནས་མཉམ་འདྲེས་དང་མཉམ་གནས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཁྱིམ་གཞིས་གཅིག་ལྟར་ཡིན་པར་གསེད་དཀྲོལ་བྱས་པ་དང་ཆབས་ཅིག  སྣ་མང་རིག་གནས་འདུས་པའི་སྲོལ་རྒྱུན་དང་ཐུན་མོང་དུ་ཡུལ་གྲུ་འདི་དར་རྒྱས་གོང་འཕེལ་འགྲོ་བའི་རྣམ་པ་འཛུགས་སྐྱོང་བྱས་པ་རེད། ཁྱད་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ40རིང་ལ་དར་རྩེ་མདོའི་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཆེས་ཆེར་བྱུང་བ་ཡིན་ལ། དཔལ་འབྱོར་བསྡོམས་འབོར་བསྟུད་མར་སྐས་རིམ་གསར་པར་བསླེབས་པའི་ལོ40ཡང་ཡིན་པ་རེད།

 

མཛའ་གཞས་ཀྱི་ཆོལ་ཁ་དར་རྩེ་མདོའི་འཕེལ་རྒྱས་ཀྱི་གོམ་སྟབས།

སྣ་མང་རིག་གནས་ཀུན་འདུས་ཀྱི་གྲོང་ཁྱེར་དར་རྩེ་མདོ།

   འཛམ་གླིང་ཡོངས་སུ་སྙན་པའི་གྲགས་པ་ཁྱབ་པའི་མཛའ་གཞས་ཆོལ་ཁའི་གྲོང་ཁྱེར་ཞེས་མཚན་སྙན་ཡོད་པའི་དར་རྩེ་མདོའི་མཚོན་རྟགས་ཀྱི་མཛའ་གཞས་ཁྲོམ་ལམ་ལ་གནའ་དེང་ཟུང་འབྲེལ་གྱི་མཆོར་ཉམས་ལྡན་ལ། དད་ལྡན་མི་སེར་གྱིས་ལྷག་བསམ་ཟོལ་མེད་ཀྱི་དད་སེམས་བཅངས་ནས་ནང་བསྟན་ཆོས་ལུགས་ཀྱི་ཆོ་ག་བསྒྲུབ་ཡུལ་ཡང་ཡིན།ཡུ ལ་སྐོར་འགྲུལ་པ་ཚོས་བཏུང་བྱ་གྱ་ནོམ་པའི་རོ་བཅུད་ལ་ཉམས་སུ་མྱོང་བཞིན་འཇིག་རྟེན་མཁའ་ལམ་གྱི་རོལ་དབྱངས་ཞེས་མཚན་སྙན་ཡོད་པའི་དར་མདོའི་མཛའ་གཞས་ཀྱི་རོལ་དབྱངས་ལ་ཉན་འཇོག་བྱ་ཡུལ་ཡང་ཡིན་པ་རེད།

   སྲོལ་རྒྱུན་དང་དེང་རབས་སྙན་ངག་གི་ཉམས་འགྱུར་མཉམ་འདྲེས་བྱས་ནས་ཐོན་པ་དང་ཆབས་ཅིག  སྔོན་ཆད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲོའུ་རུང་ཅིས་དར་མདོར་རྟོག་ཞིབ་མཛད་སྐབས་དར་རྩེ་མདོར་ཕྱི་གླིང་གི་ཞིང་ཁམས།ལྷ་ཡུལ་གྱི་གནས་མཆོག་ཅེས་བསྔགས་བརྗོད་གནང་མྱོང་བ་ནང་བཞིན།སྣ་མང་འདུས་པའི་རིག་གནས་མཚོན་པ་ནི་དར་རྩེ་མདོ་ཉིད་རིག་གནས་ཀྱི་མཛེས་རིས་ཡི་རང་བའི་གནས་སུ་གྱུར།

མཛའ་གཞས་ཀྱི་ཆོལ་ཁ་དར་རྩེ་མདོའི་འཕེལ་རྒྱས་ཀྱི་གོམ་སྟབས།

   དུས་དང་རྣམ་པ་ཀུན་ཏུ་མི་ཚོས་དར་རྩེ་མདོའི་འགྱུར་ལྡོག་ཟིན་ཐོར་བཀོད་ནས་ས་གནས་དེ་གའི་འཚོ་བར་དུང་སེམས་བཅངས་ཏེ་འདས་དོན་དྲན་གསོའི་ཡུལ་དུ་དྲངས།དེང་གི་རྣམ་པ་ཟིན་ཐོ་རུ་འགོད་ཞོར་མ་འོངས་པར་རེ་བས་ཁེངས་བཞིན་ཡོད་པ་རེད།

   དེང་རབས་སྤྱི་ཚོགས་ཀྱི་གྲོང་ཁྱེར་འཛུགས་སྐྱོང་བྱས་པའི་ཁྲོད་དུ་གྲོང་ཁྱེར་གྱི་བཀོད་པ་བྱེད་སྟངས་ཀྱི་གལ་ཆེ་བའི་ནུས་པ་ཉིན་རེ་བཞིན་འདོན་བཞིན་ཡོད་པར་བརྟེན།ཚན་རིག་དང་མཐུན་ཞིང་ཚད་ལྡན་དུ་གྱུར་པའི་ཨར་ལས་ཇུས་འགོད་བྱེད་སྟངས་ཐོག་ནས་གྲོང་ཁྱེར་དང་ས་ཁོངས་ཀྱི་ཐུན་མིན་ཁྱད་ཆོས་ཀྱི་ཡུལ་སྲོལ་དང་ས་གནས་ཀྱི་ཡུལ་སྲོལ་རིག་གནས་མཚོན་པ་རེད།1979ལོ་ནས1980ལོའི་བར་ཁུལ་མི་དམངས་སྲིད་གཞུང་གིས་འབད་བརྩོན་གནང་འོགཞིང་ཆེན་གྱིས་རང་ཁུལ་ལ་ཆེད་དོན་དུ་ཨར་ལས་ཇུས་འགོད་ཀྱི་ཤེས་ཡོན་མི་སྣ་བརྒྱ་ལ་ཉེ་བ་གསོ་སྐྱོང་བྱས་ནས་དར་རྩེ་མདོའི་སྡོད་ཁང་འཛུགས་སྐྲུན་གྱི་ལག་ཤེས་ཡོངས་ཁྱབ་ཏུ་ཇེ་དྲག་ཏུ་བཏང་ནས་ཕྱི་ཕྱོགས་སུ་སྒོ་ཕྱེ་བར་གལ་འགངས་ཆེ་བའི་ནུས་པ་ཐོན་ཡོད་པ་རེད།

   བཅོས་བསྒྱུར་སྒོ་འབྱེད་མ་ཕྱེའི་སྔོན་དུ་དར་རྩེ་མདོའི་ཨར་ལས་བཟོ་སྐྲུན་གྱི་བཀོད་པ་དེ་ཧ་ལམ་ནང་ལོགས་ས་ཁུལ་དང་ཁྱད་པར་ཅི་ཡོད་ལེ་མ་རེད།ཨར་ལས་ཇུས་འགོད་ཀྱི་ཤེས་ཡོན་མི་སྣ་དར་རྩེ་མདོར་འོངས་པ་དང་ཆབས་ཅིགཁོ་ཚོས་བོད་ཀྱི་རིག་གནས་དང་སྡོད་ཁང་འཛུགས་སྐྲུན་གཉིས་མཉམ་འདྲེས་བྱས་མཐར།ད་ལྟའི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་པའི་དར་རྩེ་མདོའི་གྲོང་ཁུལ་གྲུབ་པ་རེད་ཅེས་སྐྱེས་ས་སྐྱེས་ཡུལ་དར་རྩེ་མདོ་ཡིན་པའི་གྲོང་དམངས་ཅིན་ལིན་ཀོང་གིས་དེ་ལྟར་ངོ་སྤྲོད་བྱས་པ་རེད།

   ཉེ་བའི་ལོ་ཤས་རིང་ལ་དར་རྩེ་མདོའི་གྲོང་ཁུལ་རྙིང་པ་རིམ་སྤར་ལེགས་བཅོས་བྱས་ནས་མི་རིགས་ཀྱི་གོམས་སྲོལ་རིག་གནས་སྔོག་འདོན་དང་ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་འཚོལ་ཞིབ་བྱས། དར་རྩེ་མདོའི་མཚོན་རྟགས་སླར་ཡང་འཛུགས་སྐྱོང་བྱས་པའི་དུས་མཚུངས་སུ།དར་རྩེ་མདོའི་མཆོར་ཉམས་མཚོན་པ་བྱ་རྒྱུ་ཡིས་གཙོ་གནད་བྱས་ཏེ་དར་རྩེ་མདོའི་གནའ་ཉམས་མཚོན་པའི་ཁྲོམ་ལམ།ཁྲོམ་ལམ་གསར་པ། མདོ་གྲོང་ཁྲོམ་ལམ། རྫིང་བྲག་ཁྲོམ་ལམ།རྒྱུན་དྭངས་ཆུ་མིག་དང་ཨ་ལི་བུ་སྒང་གི་རྐང་ཐང་ཡུལ་སྐོར་བྱེད་ས་བཅས་དར་རྩེ་མདོའི་གྲོང་ཁུལ་རྙིང་པ་དང་རིག་གནས་ཁྲོམ་ལམ།རིག་གནས་ཀྱི་ལྡེབས་རིས། གནའ་ཉམས་མཚོན་པའི་དར་རྩེ་མདོ་སོགས་ཞིང་ཆེན་ཡོངས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་གཉེར་ཁྲོམ་ལམ་ཆེན་པོ་བཅུ་ལ་བདམས་པ་རེད།མདོ་གྲོང་གསར་པའི་མཛེས་ལྗོངས་གཙོ་བོ་མི་རིགས་རིག་གནས་ཀྱིས་བརྗོད་གཞིའི་བྱེད་པའི་གླིང་ག།ཁུལ་མི་རིགས་ལུས་རྩལ་ཁང་།དར་མདོ་གྲོང་ཁྱེར་གྱི་རིག་གནས་དཔེ་མཛོད་ཁང་གི་ཕྱོགས་བསྡུས་ཐོག་བརྩེགས་སོགས་ཀྱི་ལས་གཞི་སྦྲེལ་མཐུད་དུ་འཛུགས་སྐྲུན་བྱས་ཡོད་པ་རེད།

 གླུ་དབྱངས་སྙན་མོ་དར་མདོའི་གྲོང་ལ་ཁྱབ།

   གྲོང་ཁྱེར་རེར་གླུ་དབྱངས་རེ་ཡོད་པ་དང་།གཏམ་རྒྱུད་རེ་ལ་འབྱུང་ཁུངས་རེ་ཡོད་ངེས།གླུ་ཚིག་ཁྲོད་ནས་དུས་བཞིའི་འགྱུར་བ་མངོན་ཞིང་གཞས་གདངས་གསེང་ནས་ཕ་ས་ཕ་ཡུལ་ལ་ཞེན་པའི་བརྩེ་སེམས་ཡིབ།

ད་ལོ་ནི་དར་མདོའི་གྲོང་གསར་བསྐྲུན་ནས་ལོ13འཁོར་བའི་ལོ་ཡིན་ཞིང་།ཉིན་དགུང་གི་ཉི་འོད་དར་མདོའི་གྲོང་གསར་དུ་ཆགས་པའི་དར་མདོའི་མཛའ་གཞས་སྤྱི་གླིང་དུ་འཕྲོས་ཤིང་དྲོད་ལམ་ལམ་གྱི་སྣང་བ་བྱིན།སྤྱི་གླིང་དུ་རྒན་བགྲེས་གཉིས་རེ་གསུམ་རེས་ཉི་མ་ལྡེ་ཞོར་འགྲམ་དུ་རྩེད་མོ་བྱེད་མཁན་གྱི་ཚ་བོ་ལྟ་སྲུང་བྱེད་བཞིན་སྔོན་ཆད་གྲོང་སྡེ་ཆུང་ཆུང་འདིའི་འཕོ་འགྱུར་བྱུང་ཚུལ་སྐོར་ཕར་ཚུར་ཁ་བརྡ་ལབ་རེས་བྱེད་བཞིན་འདུག

   མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཀོད་ལེགས་ཐོག་ཁང་གངས་ཆུའི་འགྲམ་ངོགས་གཉིས་སུ་གྲལ་བསྟར་བསྒྲིགས་ཤིང་འོད་འཁྱུག་པའི་སྣུམ་སྙིགས་གཞུང་ལམ་ཡངས་པོའི་ཐོག་རླངས་འཁོར་འགྲོ་འོང་རྒྱུན་མི་ཆད།ད་བར་དར་མདོར་ལས་ཁ་བྲལ་མ་མྱོང་བའི་ལས་འཁྱུར་ངལ་གསོ་བྱེད་མཁན་མ་ཁྲང་ཧྭ་ཡིས་སྔོན་མའི་རྗེས་ལུས་ཀྱི་གྲོང་ཚོ་ཆུང་ཆུང་འདི་ད་ལྟ་རྨང་གཞི་སྒྲིག་ཆས་འཐུས་ཚང་བ་དང་།གྲོང་ཁྱེར་གྱི་བྱེད་ནུས་འཛོམས་པ།ཁོར་ཡུག་མཛེས་སྡུག་ལྡན་པའི་རྣམ་པ་གསར་པ་འདི་འདྲ་ཞིག་མངོན་པ་ནི་སུ་ཞིག་གི་བསམ་ཡུལ་དུ་འཆར་མྱོང་ངམ་ཞེས་སེམས་འགུལ་ཐེབས་པའི་ངང་ནས་དེ་ལྟར་བཤད་པ་རེད།

མཛའ་གཞས་ཀྱི་ཆོལ་ཁ་དར་རྩེ་མདོའི་འཕེལ་རྒྱས་ཀྱི་གོམ་སྟབས།

དར་མདོའི་གྲོང་གསར་ཐོག་མར་བསྐྲུན་པར་མཐོང་ཞིང་དེའི་ཁྲོད་དུ་དངོས་སུ་ཞུགས་ནས་བདེན་དཔང་བྱེད་མཁན་དུ་གྱུར་པའི་མ་ཁྲང་ཧྭས་འདས་དོན་དེ་གླེང་བའི་ཚེ་བཞིན་རས་སུ་སྤོབས་པའི་ཉམས་ཀྱིས་ཁེངས།ལོ་གསུམ་རིང་ལ་གྲ་སྒྲིག་ཚགས་ཚུད་བྱས་ཤིང་དཀའ་ངལ་ཁྱད་དུ་བསད་དེ་དར་མདོའི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འབྲེལ་ཡོད་ཀྱི་ཆེད་ལས་འཆར་གཞི་ཇུས་འགོད་སྡེ་ཚན་ལ་མངགས་བཅོལ་བྱས་ཏེ་གྲོང་གསར་འཛུགས་སྐྲུན་འཆར་འགོད་གཏན་འབེབས་བྱས་ཡོད།ཀྲུང་གོའི་མཛས་གཞས་གྲོང་ཁྱེར་དང་ནུབ་རྒྱུད་ཀྱི་ཡུལ་སྐོར་བྱེད་སའི་གྲོང་ཁྱེར་གྲགས་ཅན་བསྐྲུན་རྒྱུའི་དམིགས་འབེབས་དེར་དམིགས་ཏེ།དར་མདོའི་གྲོང་གསར་དེ2005ལོའི་ཟླ་བ5པའི་ཚེས15ཉིན་དངོས་སུ་ལས་འགོ་ཚུགས་ཡོད།

   ལོ་གཉིས་ཀྱི་ཁྲོད་དུ་དར་མདོ་གྲོང་གསར་གྱི་སྤྱི་ཁོག་བསྐྲུན་ཐུབ་པ་དང་།ལོ་གསུམ་གྱི་ཁྲོད་དུ་གྲོང་གསར་གྱི་ཐོག་མའི་གཞི་ཁྱོན་ཆགས་ཐུབ་པ།ལོ་ལྔ་ནས་བཅུའི་བར་དར་མདོའི་གྲོང་གསར་ཞིག་བསྐྲུན་ཐུབ་པ་བྱ་རྒྱུ་ནི་སྐབས་དེའི་དར་མདོ་རྫོང་གི་ཏང་ཨུ་དང་སྲིད་གཞུང་གིས་རང་ཉིད་ལ་བཟོས་པའི་འཛུགས་སྐྲུན་དུས་ཚོད་ཀྱི་རེའུ་མིག་རེད།དེ་དུས་སྲིད་གཞུང་གིས་སྙིང་སྟོབས་ཆེན་པོས་གསར་སྐྲུན་བྱས་པ་དང་།དངུལ་ཁང་ནས་དངུལ་གཡར་བ།ཚོང་འགུགས་དངུལ་འདྲེན།མ་དངུལ་གཏོང་འཇོག་འཛུགས་སྐྲུན་དང་ཚོང་གཉེར་དང་ཁེ་ལས་སྒྲུབ་གཉེར་བྱེད་པ།སྡོད་ཁང་ཉོས་པ་སོགས་གཟིགས་སྐྱོང་གི་སྲིད་ཇུས་མང་པོ་ལག་ལེན་བསྟར་བ་བཅས་བྱས་པར་བརྒྱུད།གསར་སྦོལ་བྱེད་མཁན་ཚོང་པ་དང་ཡུལ་དེ་གའི་ཡུལ་མིས་གྲོང་གསར་འཛུགས་སྐྲུན་ནང་ཞུགས་པར་བསྐུལ་བ་དང་མ་དངུལ་མི་འདང་བའི་དཀའ་ངལ་ཡང་མང་པོ་བསལ་ཐུབ་ཡོད་མ་ཁྲང་ཧྭས་འཛུམ་པ་དང་བཅས་དེ་སྐད་བཤད།

མཛའ་གཞས་ཀྱི་ཆོལ་ཁ་དར་རྩེ་མདོའི་འཕེལ་རྒྱས་ཀྱི་གོམ་སྟབས།

 2005ལོ་ལས་འགོ་ཚུགས་པ་ནས་བཟུང་།དར་མདོའི་གྲོང་གསར་བསྐྲུན་པར་ཚ་ཚ་འུར་འུར་གྱི་རྣམ་མངོན་ཡོད།2007ལོར་སླེབས་དུས་ཡུལ་མིའི་སྡོད་ཁང་དང་།སྤྱི་ཚོགས་ཞབས་འདེགས་ཕན་ནུས་ཀྱི་སྒྲིག་ཆས་སོགས་ཀྱི་འཛུགས་སྐྲུན་ལས་ཀ་སྒོ་ཀུན་ནས་སྤེལ་ཡོད་ཅིང་།གྲོང་གསར་འཛུགས་སྐྲུན་གྱི་སྤྱི་ཁོག་བསྐྲུན་ཡོད།2008ལོའི་ཟླ་བ10པའི་ཚེས15ཉིན་སླེབས་དུས་དར་མདོ་རྫོང་གི་འགོ་ཁྲིད་ཚན་པ་ཆེན་པོ་བཞི་དང་སྡེ་ཚན30ལྷག་དར་མདོའི་གྲོང་ཁྱེར་རྙིང་པ་ནས་གསར་པར་སྤོས་ཏེ་དར་མདོའི་གྲོང་གསར་གྱི་གྲོང་ཁྱེར་ཕན་ནུས་ཀྱི་ཁྱབ་ཁོངས་འཐུས་ཚང་བྱས་ཡོད།2009ལོར་སླེབས་དུས་ཡུལ་མི་ཚོས་རིམ་པར་གྲོང་གསར་དུ་སྤོས་ཡོད།2015ལོར་སླེབས་དུས་དར་མདོ་གྲོང་གསར་གྱི་མི་ཚོགས་དང་།དངོས་པོ་འཁོར་རྒྱུགམ་དངུལ་འཁོར་རྒྱུགཆ་འཕྲིན་འཁོར་རྒྱུག་སོགས་ཆ་ཚང་བསྐྲུན་ནས་དར་མདོའི་གྲོང་གསར་དེ་དར་མདོའི་གསོན་ཤུགས་ཆེན་པོ་དང་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དུ་གྱུར་ཡོད།སྐབས་དེར་ལོ་གཉིས་ཀྱི་ནང་ཁྲོད་དུ་གྲོང་གསར་གྱི་སྤྱི་ཁོག་བསྐྲུན་པ་དང་།ལོ་གསུམ་གྱི་ནང་ཁྲོད་དུ་གྲོང་གསར་གྱི་ཐོག་མའི་གཞི་ཁྱོན་ཆགས་ཐུབ་པ།ལོ་ལྔ་ནས་བཅུའི་བར་གྲོང་ཁྱེར་གསར་པ་ཞིག་བསྐྲུན་རྒྱུའི་འཛུགས་སྐྲུན་དམིགས་འབེལ་དེ་དུས་བཀག་ལྟར་མངོན་འགྱུར་བྱུང་ཡོད།

  མ་ཁྲང་ཧྭས་ངོ་སྤྲོད་བྱས་དོན། དར་མདོའི་ལོ་སྟོང་གི་ལོ་རྒྱུས་གནས་པའི་དར་མདོ་གྲོང་རྙིང་གི་འཕེལ་རྒྱས་ཀྱི་བར་སྟོང་ཆུང་ཞིང་།འཕེལ་རྒྱས་གཏོང་བའི་གནོན་ཤུགས་ཀྱང་ཆེ་བ་ཡིན་པ་དེ་ཏག་ཏག་དར་མདོ་གྲོང་གསར་འཛུགས་སྐྲུན་བྱེད་པ་དེས་གྲོང་ཁྱེར་རྙིང་པའི་གནོན་ཤུགས་ལྷོད་དུ་གཏོང་ཐུབ་ཡོད།དུས་མཚུངས་སུ་དར་མདོ་རྫོང་གིས་རྫོང་གྲོང་ཁྱེར་ལ་བསྒྱུར་བའི་ལས་ཀ་སྤེལ་བར་སྐུལ་འདེད་བཏང་སྟེ།དར་མདོ་རྫོང་སྲིད་གཞུང་གིས་ལོ20ཉེ་བར་དར་མདོའི་གྲོང་གསར་སྐྲུན་པའི་ཡིག་ཐོག་སྙན་སེང་ཞུ་བའི་ལས་ཀ་དེ་བདེ་བླག་ངང་མཇུག་བསྒྲིལ་བ་རེད།2015ལོའི་ཟླ་བ2པའི་ཚེས17ཉིན།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་དང་།རྒྱལ་ཁབ་དམངས་སྲིད་པུའུ་ཡིས་མཆན་འགོད་བཀའ་ལེན་བྱས་པར་བརྒྱུད་དར་མདོ་རྫོང་དེ་དར་མདོ་གྲོང་ཁྱེར་དུ་བསྒྱུར་བར་མོས་མཐུན་གནང་ཡོད།ཉིན་དེའི་ནུབ་མོ་ནི་དར་མདོའི་མི་རྣམས་ལ་མཚོན་ན་སྤྲོ་བས་གཉིས་མི་ཁུག་པའི་ནུབ་མོ་ཞིག་ཡིན་པ་རེད།དར་མདོ་ཡང་སི་ཁྲོན་བོད་ཁུལ་གྱི་རྫོང་རིམ་པའི་གྲོང་ཁྱེར་ཨང་དང་པོར་གྱུར་ཡོད།འདི་ནི་དུས་རབས་འབྱེད་པའི་སྙིང་དོན་ལྡན་པའི་དོན་ཆེན་ཞིག་ཡིན་ཞིང་དར་མདོ་འཕེལ་རྒྱས་གཏོང་བ་དང་མཆོང་རྒལ་འབྱུང་བར་ནུས་ཤུགས་ཆེན་པོ་ཐོན་པ་དང་།དར་མདོ་དེ་ཁུལ་ཡོངས་ཀྱི་ལྟེ་བའི་གྲོང་ཁྱེར་བྱེད་པའི་ཁྱབ་འགྱེད་སྣེ་ཁྲིད་བྱེད་ནུས་དང་ཤུགས་རྐྱེན་ཐེབས་ཤུགས་དེ་བས་རྒྱ་སྐྱེད་དུ་གཏོང་ཐུབ་ཅིང་།གྲོང་ཁྱེར་གྱི་རྣམ་པ་ཇེ་ལེགས།གྲོང་ཁྱེར་གྱི་བསྡུ་ལེན་ནུས་པ་དང་ཕྱོགས་བསྡུས་བྱེད་ནུས་ཇེ་དྲག་ཏུ་གཏོང་ཐུབ་ངེས་རེད།ཁྱད་ཆོས་ལྡན་པའི་གྲོང་རྡལ་འཛུགས་སྐྲུན་མགྱོགས་པོ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་བར་གཅིག་གྱུར་གྱིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་།དར་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ།འཕེལ་རྒྱས་གཏོང་བའི་རྗེས་ཤུགས་སྣོན་པ་བཅས་ལ་དེ་བས་སྒོ་འབྱེད་དང་ཆ་རྐྱེན་ཡག་པོ་བསྐྲུན་ཐུབ་པ་རེད།

   ད་ལོར་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པས་དུས་རབས་གསར་པར་གོམ་ཁ་བསྒྱུར་བའི་དར་མདོའི་ཡིད་དབང་འགུགས་ཤུགས་སྔར་བས་ཆེ་རུ་ཕྱིན་པ་རེད།

 མཛའ་གཞས་ཆོལ་ཁའི་འཕེལ་རིམ་གྱི་དྲན་གསོ་དུམ་བུ།

   ཉིན་རྟག་པའི་གནམ་མ་གསལ་གོང་ནས་དར་རྩེ་མདོའི་མི་ཉག་ལྟག་སྒོ་དང་རྒྱ་ཡུལ་ལྟག་སྒོ།གཡག་རྭ་ལྟག་སྒོ་བཅས་ཀྱི་ཁྲོམ་ལམ་དུ་ཞོག་ཁོག་མོག་མོག་དང་ཇ་བསྲུབས་མ།ཟོག་ཤ་ཁུ་བ། སྲན་ཁུ་དང་སྣུམ་བཙོས་གྲོ་ཟས།བྱ་སྒོང་བཙོས་མ་ལ་སོགས་པའི་ས་གནས་སོ་སོའི་ཁྱད་ཆོས་ཡོད་པའི་བཟའ་བཅའི་དྲི་ངད་ཞིམ་པོ་འདི་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་མི་ཚོའི་དྲི་འཛིན་དབང་པོར་འཐུལ་བཞིན་མཆིས་པ་ནི་དེང་སང་གི་དར་རྩེ་མདོ་འཕེལ་ཁ་དར་བའི་མཚོན་བྱེད་ཅིག་རེད།

   སྐྱེས་ས་སྐྱེས་ཡུལ་དར་རྩེ་མདོ་ནས་ཡིན་པའི་ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་ལས་བཟོ་ཏེང་ཞའོ་ཁང་གིས་འགྱུར་ལྡོག་ཧ་ཅང་ཆེན་པོ་རེད་ཅེས་དར་རྩེ་མདོའི་འགྱུར་ལྡོག་ལ་དེ་ལྟར་ཆོད་བསྡོམས་བྱས་ཤིང་།ལོ40ཡི་སྔོན་གྱི་དར་རྩེ་མདོ་གྲོང་གི་རྣམ་པ་ཏེང་ཞའོ་ཁང་གིས་དྲན་གསོའི་མེ་ལོང་དུ་དྲངས་ནས་སྨྱུག་འཛིན་པར་བཤད་དོན།དེའི་སྐབས་སུ་དར་རྩེ་མདོའི་ཁང་པ་ཚང་མ་ཤིང་གིས་སྒྲིག་སྦྱོར་བྱས་པ་ཤ་སྟག་ཡིན་པ་དང་ཁྲོམ་ལམ་དུ་གསལ་ཆ་མེད་ལ།བཙོག་ཆུ་ག་ས་གར་ཁྱབ་པ་རེད།དེའི་སྐབས་སུ་ཡུལ་གྲུ་འདིའི་ཁྲོམ་ལམ་སོ་སོ་གཙང་ཞིང་གསལ་ཆ་ཡོད་པ།འདོད་ཡོན་ལོངས་སྤྱོད་འབེལ་བའི་རྣམ་པ་ཆགས་རྒྱུ་ནི་དྲན་ཡང་མ་མྱོང་།

   1995ལོའི་སྤྱི་ཟླ6པའི་ཚེས15ཉིན་གྱི་མཚན་མོ་དང་སྤྱི་ཟླ7པའི་ཚེས7ཉིན་ཆུ་ལོག་ཆེན་པོ་བརྒྱུགས་ནས་དར་རྩེ་མདོའི་གྲོང་ཁུལ་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་མོད།འོན་ཀྱང་དར་རྩེ་མདོའི་གྲོང་ཁྱེར་འཕེལ་རྒྱས་གཏོང་བ་ལའང་གོ་སྐབས་བཟང་པོར་འཕྲད་པ་རེད།

   གནོད་སྐྱོན་ཐེབས་རྗེས་གྲོང་ཁུལ་ཡོངས་ཀྱི་ཡུལ་མི་ཚང་མ་ཉེན་འགོག་རྒུད་སྐྱོབ་ཀྱི་ལས་ཀར་ཞུགས་ཞིང་།དེའི་སྐབས་སུ་ཞིང་ཆེན་ནང་ནས་བཟོ་སྐྲུན་དམག་མངགས་གཏོང་བྱས་པ་དང་ཆབས་ཅིགཧ་ཅང་མཐོང་དཀོན་པའི་འཁོར་སྐོར་སྔོག་འདོན་འཕྲུལ་འཁོར་ཞིག་བཀོད་སྒྲིག་བྱས་ནས་ཆུ་ལམ་ནང་གི་འགོག་རྐྱེན་དངོས་པོ་གཙང་སེལ་བྱས།ཁུལ་དང་རྫོང་གི་ལས་ཁུངས་ཀྱི་ལས་བཟོ་ཚོས་ཆུ་ལམ་ནང་སྤུངས་གསོག་བྱས་པའི་དངོས་པོ་ཙག་ཙིག་གཙང་སེལ་བྱེད་སར་ཞུགས་ཤིང་།ཁྱིམ་མཚེས་རྫོང་ལྕགས་ཟམ་དང་རྟའུ།ཉག་ཆུ་བཅས་ཀྱིས་སྨན་བཅོས་དང་རིམས་འགོག་མི་སྣ་མངགས་ནས་རྒུད་སྐྱོབ་བྱེད་རོགས་བྱས་པ་རེད།གནོད་སྐྱོན་ཐེབས་པའི་མདུན་དུ་དར་མདོའི་མི་སེར་ཚོས་ཀྱང་ཧུར་ཐག་གིས་རྒུད་སྐྱོབ་ལས་ཀའི་ནང་ཞུགས་ཏེ་མཐར་སྐོར་ཞིང་པའི་གྲོང་སྡེའི་གྲོང་དམངས་མང་ཆེ་ཤོས་ཀྱིས་རང་གི་ཞིང་སྤྱོད་རླངས་འཁོར་བཏང་ནས་རྒུད་སྐྱོབ་དངོས་རྫས་དང་མང་ཚོགས་ཀྱི་རྒྱུ་ནོར་འདྲེན་རོགས་བྱས་ནས་རྗེས་ཤུགས་ཀྱི་ལས་ཀ་བསྒྲུབས་ཤིང་།ཚོང་གཉེར་སྡེ་ཁག་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་ཧུར་ཐག་གིས་ཚོང་རྫས་མཁོ་འདོན་བྱས་པ་རེད། 

མཛའ་གཞས་ཀྱི་ཆོལ་ཁ་དར་རྩེ་མདོའི་འཕེལ་རྒྱས་ཀྱི་གོམ་སྟབས།

   གནོད་སྐྱོན་ཐེབས་རྗེས། རྒྱལ་ཁབ་དང་ཞིང་ཆེན་གྱིས་མཐོང་ཆེན་བླ་ན་མེད་པར་བྱས་ཏེ་ཆེད་རམས་པ་བཀོད་སྒྲིག་བྱས་ཏེ་དར་རྩེ་མདོའི་གནོད་སྐྱོན་ཐེབས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་དང་རྒུད་སྐྱོབ་ལས་ཀའི་ཐད་ཁྲིད་སྟོན་བྱས་པ་རེད།དེ་དང་ཆབས་ཅིག་རིགས་སྣ་ཚོགས་ཀྱི་ཆེད་རམས་པ་བཀོད་སྒྲིག་བྱས་ཏེ་དར་རྩེ་མདོའི་གྲོང་ཁུལ་འཕེལ་རྒྱས་གཏང་རྒྱུ་དང་རི་ཀླུང་གི་ས་གཤིས་གནོད་སྐྱོན།ཆུ་ལམ་བཀོད་སྒྲིགས་ཞིང་སྤྱོད་བསྡུ་སོགས་ཀྱི་ཐད་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་ཁྱིམ་གཞིས་བསྐྱར་འཛུགས་ཀྱི་ཇུས་འགོད་གཏན་འཁེལ་བྱས་ཏེ་རྒྱུན་མཐུད་དུ་བསྐྱར་འཛུགས་ཉམས་གསོའི་ལས་ཀ་སྤེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

   ལོ་དེའི་དགུན་ཁར་དར་རྩེ་མདོའི་གྲོང་ཁུལ་ཁྱོན་ཡོངས་ནས་ཉམས་གསོ་བསྐྱར་འཛུགས་བྱེད་འགོ་བཙུགས་ཤིང་།ཏེང་ཞའོ་ཁང་གིས་ཉམས་གསོ་བསྐྱར་འཛུགས་ཀྱི་ལས་ཀ་འགོ་བཙུགས་ནས་ལོ་གསུམ་གྱི་དུས་ཚོད་ནང་དར་རྩེ་མདོའི་གྲོང་ཁུལ་རྙིང་པའི་ཁྱབ་ཁོངས་ཀྱི་མཐའ་དག་གི་ཁྲོམ་ལམ་དང་མཛའ་གཞས་ཐང་ཆེན་དུ་ཨར་འདམ་འདིང་རྒྱུ།དམག་དཔོན་ཟམ་པ་དང་འཇའ་ཚོན་ཟམ་པ། རྒྱུན་དྭངས་ཟམ་པ། དབལ་གསས་སྐྱབས་ཟམ་པ།ཉི་ཁུག་ཟམ་པ་སོགས་གསར་སྐྲུན་བྱས་པའི་ལས་འགན་འགྲུབ་པར་མ་ཟད།སྦུག་ཆུའི་ལྕགས་མདོང་དྲ་བ་དང་དེ་མིན་གྱི་གྲོང་ཁུལ་གྱི་ལྕགས་མདོང་དྲ་བ་འཛུགས་སྐྲུན་བྱེད་མཇུག་བསྒྲིལ་བ་རེད་ཅེས་ངོ་སྤྲོད་བྱེད་པའི་ཚུལ་གྱིས་དེ་ལྟར་བཤད་པ་རེད།

   ཉེ་བའི་ལོ་ཤས་རིང་། དར་མདོ་གྲོང་ཁྱེར་གྱིས་བཀོད་པ་བཞི་གཅིག་འདུས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུའི་སྤྱི་ཡོངས་ཀྱི་རྩ་དོན་ལྟར།ཁྲོམ་ལམ་གྱི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱ་རྒྱུ་ནས་འགོ་བཙུགས་ཏེ་ཁྲོམ་ལམ་གྱི་འགྲོ་ལམ་བདེ་བགྲོད་ཐུབ་པ་དང་བཙོག་ཆུ་བུད་གཏོད་བྱེད་ཡས་ཀྱི་ལྕགས་མདོང་བཀོད་སྒྲིགཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་སོགས་ཀྱི་དམངས་འཚོ་ལེགས་བཅོས་ཀྱི་ལས་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན།སྔར་ལྷག་གིས་གྲོང་ཁྱེར་འཛུགས་སྐྲུན་བྱས་ཏེ་གྲོང་ཁྱེར་གྱི་རིག་གནས་སྔོན་ཁྲིད་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ལ་སྐུལ་སྤེལ་བྱེད་དུ་བཅུག་པ་རེད།

   ལོ་ཟླའི་གོམ་སྒྲ་ཚོར་མེད་ཀྱིས་འདས། 1995ལོར་དར་རྩེ་མདོར་ཆུ་ལོག་བརྒྱུགས་ནས་ལོ30སོང་བའི་རིང་ལ་དར་རྩེ་མདོའི་གྲོང་ཁྱེར་གྱི་བཀོད་པ་སྔར་ལས་མཛེས་ཤིང་རྣམ་པ་གསར་དུ་བསྒྱུར།འོན་ཀྱང་སྔར་བྱུང་གི་གནོད་སྐྱོན་གྱི་རྣམ་པ་སྔར་བཞིན་མི་ཚོའི་སེམས་སུ་བཅངས་དང་འཆང་བཞིན་ཡོད་པ་ནི་སྨོས་མེད་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་འཐུས་མི་ཚོགས་པས་ཞིང་ཆེན་སྲིད་གཞུང་ལས་དོན་སྙན་སེང་ལ་གྲོས་ཞིབ་བྱས།
  • ལེ་ཚན་རྗེས་མ།:སྡེ་རོང་ཝ་ཁ་གྲོང་རྡལ་ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི་ཕ་སར་གྲགས།
  • དོ་སྣང་ཆེ་བའི་རྩོམ།