རང་ཁུལ་འཐུས་མི་ཚོགས་པས་ཞིང་ཆེན་སྲིད་གཞུང་ལས་དོན་སྙན་སེང་ལ་གྲོས་ཞིབ་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2019-01-21

     སྤྱི་ཟླ་བ་དང་པོའི་ཚེས14ནས15ཉིན་བར་ཞིང་ཆེན་སྲིད་གཞུང་གི་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པ་འཚོག་འགོ་བརྩམས་རྗེས་རང་ཁུལ་གྱི་འཐུས་མི་ཚོགས་པས་ཞིང་དཔོན་དབྱི་ལིས་སྲིད་གཞུང་ལས་དོན་སྐོར་གྱི་སྙན་སེང་ཞུ་བར་གྲོས་བསྡུར་ཚ་ཚ་འུར་འུར་བྱས་པ་རེད། ཚེས14ཉིན་གྱི་ཕྱི་དྲོར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་རང་ཁུལ་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་ཤིང་གསུང་བཤད་གནང་བ་རེད།

     ཏེང་ཞའོ་ཀང་གིས་ནན་གསུང་གནང་དོན། དཀར་མཛེས་ཁུལ་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཛུགས་སྐྱོང་དཔེ་སྟོན་ས་ཁུལ་དང་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ས་ཁུལ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་བཅས་མགྱོགས་སུ་འཛུགས་སྐྱོང་བྱས་ནས་མཐའ་གཅིག་ཏུ་དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཐོབ་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་ཡུལ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཧུར་ཐག་གིས་མཐོ་སྒང་བོད་ཁུལ་གྱི་ཁྱད་ཆོས་དང་མཐུན་པའི་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་བུ་ཐོག་བསྐྱོད་དགོས། ཞིང་ཆེན་དམངས་ཆེན་གྱི་འཐུས་མི། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ། ཞིང་ཆེན་དམངས་ཆེན་གྱི་འཐུས་མི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་བཅས་རྣམ་པས་གྲོས་ཞིབ་ནང་གསུང་བཤད་གནང་བ་རེད།

    ལིའུ་ཁྲེང་མིང་གིས་གསུངས་དོན། སྲིད་གཞུང་ལས་དོན་སྐོར་གྱི་སྙན་སེང་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་ཁྱབ་པ་དང་མི་དམངས་ཀྱིས་གཙོ་བོ་བྱས་པའི་འཕེལ་རྒྱས་ཀྱི་བསམ་ལམ་ལའང་ཁྱབ་ཡོད། ཡང་སྒོས་སུ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་ལ་ཁྱབ་ཡོད། འདས་ཟིན་པའི་ལོ་གཅིག་ལ་དཀར་མཛེས་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་དབུ་ཁྲིད་སྲ་བརྟན་འོག བློ་བརྟན་འགྱུར་མེད་ཀྱིས་གནད་གཅིག་ཕྱོགས་དང་ས་ཁུལ་ལྔ་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ས་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་ནས་ཤུགས་ཆེན་པོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ས་ཁུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱེད་ས། དེང་རབས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་རྟེན་གཞི་སོགས་འཛུགས་སྐྱོང་བྱས་ནས་དབུལ་ཐར་འགག་སྒྲོལ་དང་འགྲིམ་འགྲུལ་ཇེ་ཡག་བཏང་བ་དང་དཔལ་ཡོན་འཛུགས་སྐྱོང་ལས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གྲོང་ཡུལ་དར་རྒྱས་གཏོང་བ་སོགས་ཀྱི་ལས་ཀར་གྲུབ་འབྲས་མངོན་གསལ་ཐོབ་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གནམ་ས་བླ་འོག་ཏུ་བསྒྱུར་བའི་འགྱུར་ལྡོག་བྱུང་ཡོད། རྒྱལ་དམངས་དཔལ་འབྱོར་སོགས་དཔལ་འབྱོར་གྱི་ཚད་གཞི་གཙོ་བོའི་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསླེབས་ནས་གྲུབ་འབྲས་མངོན་སུམ་ཐོབ་ཡོད། ལོ་གསར་པར་ང་ཚོས་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་པ་བྱས་ནས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱིས་འགྲོ་ཚུལ་རྒྱུན་འཁྱོངས་བྱེད་པ་དང་། དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པོ་བྱེད་པར་དམིགས་ནས་དཀར་མཛེས་བོད་ཁུལ་གྱི་དབུལ་ཕོངས་རྫོང་གི་ཞྭ་མོ་ཕུད་ཐུབ་པ་བྱེད་པ། གྲོང་ཡུལ་དར་རྒྱས་གཏོང་བར་དམིགས་ནས་ཞིང་གསུམ་ལས་ཀ་འགོ་ཡག་མོ་རྩོམ་དགོས། དམངས་འཚོ་ལེགས་བཅོས་ལ་དམིགས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་གཏང་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་དམིགས་ནས་སྐྱེ་ཁམས་སྔོན་དུ་ལྗང་མདོག་འཕེལ་རྒྱས་འགྲུབ་པར་ཧུར་བརྩོན་བྱ་དགོས། ཉེན་ཁ་ཚབས་ཆེན་འགོག་སེལ་བྱ་རྒྱུར་དམིགས་ནས་མཐའ་གཅིག་ཏུ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ཡིན།


  • ལེ་ཚན་སྔོན་མ།:བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་བསོད་ནམས་དངོས་གྲུབ་ལ“ཀྲུང་གོའི་སྨན་པ་བཟང་པོའི”མཚན་སྙན་ཐོབ་པ།
  • ལེ་ཚན་རྗེས་མ།:མཛའ་གཞས་ཀྱི་ཆོལ་ཁ་དར་རྩེ་མདོའི་འཕེལ་རྒྱས་ཀྱི་གོམ་སྟབས།
  • དོ་སྣང་ཆེ་བའི་རྩོམ།