ལྷ་འཛོམས་ཀྱིས་བྲིས། 2019-01-10
སྤྱི་ཟླ་དང་པོའི་ཚེས7ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ནང་ཞུགས་མཁན་སེར་ཤུལ་རྫོང་གི་འཐུས་མི་ཚོགས་པས་སྲིད་གཞུང་ལས་ཀའི་སྙན་སེང་དང་འཆར་གཞི་སྙན་སེང་། ནོར་སྲིད་སྙན་སེང་བཅས་ལ་གྲོས་ཞིབ་བྱས་པ་རེད། འཐུས་མི་ཡོན་མིང་ཀོང་གིས་སྡེ་དགེ་པར་ཁང་དང་སེར་ཤུལ་གསང་གི་མ་ཎི་རྡོ་འབུམ་གྲོང་དང་དཔལ་དགེ་མ་ཎི་རྡོ་འབུམ་བཅས་ཀྱི་ཐོན་ཁུངས་ལེགས་ཆ་སྡེབ་སྒྲིག་བྱས་ཤིང་། གེ་སར་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་བཟོས་པ་དང་། ཚོགས་པ་སྒྲིག་འཛུགས་བྱས་ནས་འཛམ་གླིང་རིག་གནས་ཤུལ་བཞག་བཟོ་རྒྱུ་གོང་ཞུ་བྱ་དགོས། ཁུལ་ཡོངས་ཀྱི་གསུམ་འཛུགས་མཉམ་འགུལ་ལ་དམིགས་ནས་མུ་མཐུད་ནས་ཞིང་ཆེན་དང་ཁུལ་གྱིས་སེར་ཤུལ་སྐྱེ་ཁམས་ནུས་ཁུལ་འཛུགས་སྐྱོང་ཐད་འཇོག་ཤུགས་ཆེ་རུ་གཏོང་བ་དང་། སྔར་ལྷག་གིས་སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་ཞིང་། སྐྱེ་ཁམས་ལེགས་ཆ་དེ་སྲིད་ཇུས་ཁེ་ཕན་དུ་བསྒྱུར་ཞིང་། གྲང་ངར་ཆེ་ཞིང་སྐྱེ་ཁམས་ས་ཁོངས་གལ་ཆེན་ནང་གི་ཞིང་འབྲོག་དམངས་དེ་ཐད་ཀར་སྐྱེ་ཁམས་ལྟ་སྲུང་པ་དང་སྐྱེ་ཁམས་བཟོ་པ་རུ་བསྒྱུར་བ་བཅས་བྱས་ཏེ་མང་ཚོགས་ལ་སྐྱེ་ཁམས་འཛུགས་སྐྱོང་ཁྲོད་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་པ་བྱ་དགོས་ཞེས་བཤད་པ་རེད།
འཐུས་མི་ཚེ་རིང་ཆོས་སྒྲོན་གྱིས་བཤད་རྒྱུར། གཅིག་ནི་སྐྱེ་ཁམས་འཛུགས་སྐྱོང་དང་དབུལ་ཐར་འགག་སྒྲོལ་ལས་ཀ་ཟུང་འབྲེལ་བྱས་ནས་ཧུར་ཐག་གིས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་ནས་ལས་གཞི་དང་མ་དངུལ་རྒྱབ་སྐྱོར་དེ་བས་མང་པོ་ལོན་ཐབས་སྤྲད་དགོས། གཉིས་ནི་སེར་ཤུལ་དང་བྲག་འགོ གསེར་ཐར་བཅས་རྫོང་གསུམ་དེ་སི་ཁྲོན་ནུས་བྱང་སྐྱེ་ཁམས་ཞན་ས་ཕྱོགས་བསྡུས་བཅོས་སྐྱོང་ནང་བཞག་ནས་མང་ཚོགས་ལ་སྐྱེ་ཁམས་འཛུགས་སྐྱོང་བྱེད་པའི་ཁྲོད་ཁེ་ཕན་ཐོབ་ཏུ་བཅུག་སྟེ་སྔར་ལྷག་གིས་མང་ཚོགས་ཀྱི་སྐྱེ་ཁམས་འཛུགས་སྐྱོང་ལ་ཞུགས་པ་དང་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཧུར་ཐག་རང་བཞིན་ཆེ་རུ་གཏང་དགོས་ཞེས་བཤད་པ་རེད།
ཨུ་ཡོན་ལུའོ་ལིན་དང་ཉི་མ་སོགས་ཀྱིས་སེར་ཤུལ་རྫོང་གི་དམིགས་བསལ་གྱི་དོན་དངོས་ལ་དམིགས་ནས་སེར་ཤུལ་མི་ཡིན་པའི་ཤེས་ལྡན་མི་སྣ་སྔོན་མངགས་དང་ཁ་ཕྱོགས་གཏན་འཁེལ་བའི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སེར་ཤུལ་རྫོང་གི་འཕྲོད་བསྟེན་དང་སློབ་གསོ་མ་ལག་གི་ཤེས་ལྡན་མི་སྣ་མི་འདང་བའི་གནད་དོན་ཐག་གཅོད་བྱ་དགོས་པ་དང་། སྔར་ལྷག་གིས་ཤེས་ལྡན་མི་སྣར་སྐུལ་མ་གཏོང་བའི་ལམ་སྲོལ་བཙུགས་ཏེ་ཁྱད་པ་ཅན་གྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ནས་སེར་ཤུལ་རྫོང་གི་ཤེས་ལྡན་མི་སྣ་དཔུང་སྡེ་བརྟན་པོ་བཟོ་དགོས།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10