ཡེ་ཅན་ཁྲུན་གྱིས་བབ་བསྟུན་མཉམ་འབྲེལ་ལས་དོན་ཚོ་ཆུང་ཁྲིད་ནས་དཔལ་ཡུལ་དུ་ཉེན་སྐྱོབ་མཛུབ་སྟོན་གནང་།

མིག་དམར་གྱིས་བསྒྱུར།        2018-10-13

   ཟླ་བ10པའི་ཚེས12ཉིན་གྱི་དགོང་མོར། བབ་བསྟུན་དོ་དམ་པུའུ་དང་ཆུ་བེད་པུའུ། རང་བྱུང་ཐོན་ཁུངས་པུའུ། ཀྲུང་གོ་གནམ་གཤིས་ཅུས་སོགས་སྡེ་ཚན་ལས་གྲུབ་པའི་བབ་བསྟུན་མཉམ་འབྲེལ་ལས་དོན་ཚོ་ཆུང་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དུ་འབྱོར་བར་མ་ཟད། འབྲི་ཆུའི“ 10·11”རི་ཉིལ་བབ་བསྟུན་ཐག་གཅོད་མཉམ་འབྲེལ་བཀོད་འདོམས་པུའི་ལས་དོན་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད།  ཆུ་བེད་པུའུ་ཡི་པུའུ་ཀྲང་གཞོན་པ། བབ་བསྟུན་དོ་དམ་པུའི་པུའུ་ཀྲང་གཞོན་པ་ཡེ་ཅན་ཁྲུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་ཞིང་། འབྲེལ་ཡོད་ཕྱོགས་ཁག་གིས་ཆེས་མི་བདེ་བའི་གནས་ཚུལ་ལ་དམིགས་ནས་དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཉེན་སེལ་བྱེད་ཐབས་ལ་དཔྱད་གཅོད་བྱ་དགོས་པའི་བླང་བྱ་བཏོན་པ་རེད། 

         དཀར་མཛེས་ཁུལ་དང་ཆབ་མདོ་གྲོང་ཁྱེར། ནུབ་རྒྱུད་འཐབ་ཁུལ་བཅས་ཀྱིས་སྔ་རྗེས་སུ་ཉེན་སེལ་བྱས་པའི་གནས་ཚུལ་སྙན་སེང་ཞུས་པ་རེད། ཟླ་བ་འདིའི་ཚེས11ཉིན་གྱི་ཆུ་ཚོད7དང་སྐར་མ20ཐོག སི་ཁྲོན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གི་འབྲེལ་མཚམས་ཀྱི་འབྲི་ཆུའི་ངོགས་གཉིས་ཀྱི་རི་ཉིལ་ནས་འབྲི་ཆུ་བཀག་སྟེ་ཆུ་བསྐྱིལ་མཚེའུ་ཆགས་པ་རེད། མིག་སྔར། བོད་ལྗོངས་ཕྱོགས་ཀྱི་དཔལ་དགེའི་རི་སྔར་བཞིན་རྡིབ་བཞིན་ཡོད།
       དབྱེ་ཞིབ་རགས་ཙམ་བྱས་ན། ཚེས12ཉིན་གྱི་ཆུ་ཚོད16བར། ཆུ་བསྐྱིལ་མཚེའུའི་ནང་ཆུ་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར1.5ནས1.8ཡོད་པ་དང་།  ཆུ་ཚོད་རེར་ཆུ་སྨི0.5ནས0.6རྒྱས་པ་རེད།  ཚེས12 ཉིན་གྱི་ཆུ་ཚོད17བར། ཆུ་བསྐྱིལ་མཚེའུ་རྒྱས་ནས་ཁ་ལུད་དེ་རང་འབབ་ཐུབ་པ་དང་། ཆུ་ཚོད19ཐོག་བཞུར་ཚད་བརྟན་པོའི་ངང་སྐར་ཆ་རེར་སྨི་གྲུ་བཞི་ལྷམ་པ30ལ་འཕར་བར་མ་ཟད་ཆུ་ཉག་ཆེ་རུ་སོང་ཡང་གློ་བུར་དུ་བརྡོལ་ཉེན་མེད་པ་རེད། ཉེན་ཁ་བྱུང་རྗེས། སི་ཁྲོན་དང་བོད་ལྗོངས་ཀྱིས་སྔ་རྗེས་སུ་བབ་བསྟུན་མྱུར་སེལ་ལས་ཀ་དང་ལེན་ཞུས་ཏེ་ནུབ་རྒྱུད་འཐབ་ཁུལ་གྱིས་མྱུར་དུ་ཉེ་འགྲམ་དུ་བཅའ་སྡོད་བྱ་ཡུལ་ནས་དམག་ཤུགས་དང་སྒྲིག་ཆས་བཀོད་སྒྲིག་བྱས་པ་དང་། ཉེན་ཡོད་མང་ཚོགས་གནོད་གཡོལ་དང་བཀོད་སྒྲིག་བྱས་པ་དང་བབ་བསྟུན་ཉེན་སེལ་བྱེད་པར་ཞུགས་ཡོད། མིག་སྔར། དཀར་མཛེས་ཁུལ་གྱིས་གནོད་གཡོལ་བཀོད་སྒྲིག་བྱས་པའི་མི10526ཡོད་པ་དང་། ཆབ་མདོ་གྲོང་ཁྱེར་གྱིས་གནོད་གཡོལ་བཀོད་སྒྲིག་བྱས་པའི་མང་ཚོགས་ཁྲི་ལྷག་ཡོད་པ་རེད། 
 ཡེ་ཅན་ཁྲུན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་བཅས་བརྒྱུད་བསྒྲགས་བྱས་པར་མ་ཟད། ཉེན་ཁ་བྱུང་རྗེས་བོད་རང་སྐྱོང་ལྗོངས་དང་སི་ཁྲོན་ཞིང་ཆེན་གྱི་ཉེན་སེལ་བྱེད་ཐབས་ལ་ཁས་ལེན་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། ཆེས་མི་བདེ་བའི་གནས་ཚུལ་ལ་དམིགས་ནས་དཔལ་དགེའི་ཆུ་བསྐྱིལ་མཚེའུ་ཉེན་སེལ་བྱེད་ཐབས་ལ་དཔྱད་གཅོད་བྱ་དགོས། ལྷག་པར་དུ་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས།  སྡེ་ཚན་བར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆ་འཕྲིན་སྤེལ་རེས་མཉམ་སྤྱོད་འགན་ལེན་བྱས་ཏེ་ཐབས་ཇུས་གནད་ལ་སྨིན་བའི་གཞི་འཛིན་ས་འདོན་དགོས། གནོད་གཡོལ་བཀོད་སྒྲིག་བྱས་པའི་མང་ཚོགས་ལ་བཟའ་རྒྱུ་ཡོད་པ་དང་གོས་གྱོན་རྒྱུ་ཡོད་པ། སྡོད་གནས་བཅས་ཡོད་པར་ཁག་ཐེག་བྱ་དགོས། མུ་མཐུད་སྟོབས་ཤུགས་དང་དངོས་ཟོག་གྲབས་གསོག་བྱས་ནས་ཉེན་སྐྱོབ་གནོད་སེལ་བྱ་བར་སྔར་ལས་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱ་དགོས།

 སི་ཁྲོན་ཞིང་ཆེན་གྱི་ཞིང་དཔོན་གཞོན་པ་རྡོ་རྗེ་རབ་བརྟན་དང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་རྣམ་གཉིས་སྙན་ཞུ་ཚོགས་འདུར་ཞུགས་པ་རེད།། 


  • ལེ་ཚན་སྔོན་མ།:ཞིང་ཆེན་དམངས་སྲིད་ཐིང་གིས་ཉེན་སེལ་ལས་དོན་ཚོ་ཆུང་མངགས།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་གནོད་འགོག་ཉེན་གཡོལ་བྱས།
  • དོ་སྣང་ཆེ་བའི་རྩོམ།