ཡེ་ཤེས་ཀྱིས་བསྒྱུར། 2018-08-28
ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་སྤྱི་ཟླ8པའི་ཚེས15ཉིན་འབྱོར་བའི་གཏམ་གསར། མཚོ་བོད་ལྕགས་ལམ་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ8པའི་ཚེས13ཉིན་བར། མཚོ་བོད་ལྕགས་ལམ་སྤྱི་གཉེར་ཁང་གིས་ད་ལོའི་དབྱར་ཁའི་དུས་རིམ་ནང་འགྲུལ་པ་ཁྱོན་བསྡོམས་མིའི་ཐེངས་གྲངས་ཁྲི286.2སྐྱེལ་འདྲེན་བྱས་ཡོད་ཅིང་། སྤྱི་ཟླ8པའི་ཚེས10ཉིན་རྐྱང་པར་འགྲུལ་པ་མིའི་ཐེངས་གྲངས་ཁྲི8.4སྐྱེལ་འདྲེན་བྱས་ཡོད་པར་བརྟེན། མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་བྱས་ནས་ལོ12རིང་གི་དབྱར་དུས་སྐྱེལ་འདྲེན་སྐབས་ཀྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དབྱར་དུས་སྐྱེལ་འདྲེན་སྤྱི་ཟླ7པའི་ཚེས1ཉིན་བྱེད་འགོ་བཙུགས་ཏེ་སྤྱི་ཟླ8པའི་ཚེས31ཉིན་མཇུག་བསྒྲིལ་བ་རེད། དབྱར་དུས་འགྲུལ་པ་སྐྱེལ་འདྲེན་བྱ་ཡུལ་གཙོ་བོ་ནི་ཞི་ཨན་དང་། པེ་ཅིན། ཧྲང་ཧའེ། ལྷ་ས་གྲོང་ཁྱེར་བཅས་གཅིག་བསྡུས་བྱས་ཡོད། ཚ་དུབ་ཆེ་སྐབས་དབྱར་གསེང་ཡུལ་སྐོར་གྱི་ཤུགས་རྐྱེན་ཡོད་པས་མཚོ་བོད་ལྕགས་ལམ་ཡང་འགྲུལ་པ་ཆེས་མང་བའི་དུས་རིམ་དུ་སླེབས་པ་དང་། སྔོན་དཔག་བྱས་ན་འགྲུལ་པ་མང་བའི་གནས་ཚུལ་དེ་སྤྱི་ཟླ8པའི་ཟླ་མཇུག་བར་རྒྱུན་མཐུད་བྱུང་རྒྱུ་རེད།
མཚོ་བོད་ལྕགས་ལམ་གྱི་འགོ་འཛུགས་ས་ཡིན་པའི་ཟི་ལིང་གི་བབས་ཚུགས་ལ་ཆ་བཞག་ནས་བཤད་ན། བོད་ལ་འགྲོ་སའི་བརྒྱུད་ཡལ་གལ་ཆེའི་འགག་གནད་ཀྱི་ས་ཚུགས་ཡིན་ཞིང་། ཧྲང་ཧའེ་དང་། ཀོང་ཀྲོའུ། ཁྲེང་ཏུའུ་སོགས་ས་གནས་ནས་ལྷ་ས་ལ་འགྲོ་བའི་སྤྱིར་བཏང་གི་འགྲུལ་སྐྱེལ་གྱི་མེ་འཁོར་ཚང་མས་ཟི་ལིང་ས་ཚུགས་སུ་མཐོ་སྒང་དབྱང་དབུགས་མཁོ་འདོན་བྱེད་པའི་མེ་འཁོར་རུ་བརྗེ་བ་རེད།
མཚོ་བོད་ལྕགས་ལམ་སྤྱི་གཉེར་ཁང་འགྲུལ་ཟོག་སྐྱེལ་འདྲེན་ལས་གཉེར་པུའུ་ཡི་པུའུ་ཀྲང་ལི་ཕེ་ཅུན་ངོ་སྤྲོད་བྱས་པར་གཞིགས་ན། རྒྱུན་མཐུད་ནས་འགྲུལ་པ་འཕར་བ་གནས་ཚུལ་ལ་དམིགས་ནས། མཚོ་བོད་ལྕགས་ལམ་སྤྱི་གཉེར་ཁང་གིས་ཟི་ལིང་བབས་ཚུགས་དང་ལྷ་ས་བབས་ཚུགས་གཉིས་ཀྱིས་རྒྱུན་ཆད་མེད་པར་ཚོགས་པ་ཁ་ཆ་བསྒོ་རྒྱུ་དང“འཕྲིན་སྤེལ་དྲྭ་བ” གཙོ་གནད་འགྲུལ་པར་ཞབས་ཞུ་བྱེད་པ་སོགས་ཀྱི་ནུས་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཞབས་ཞུའི་ལམ་སྲོལ་ཟམ་མི་ཆད་པར་འཛུགས་པ་དང་ཐོགས་མེད་ཀྱི་བགྲོད་ལམ་གཏོད་པ། འགྲུལ་པ་ཚོར་འགྲུལ་པ་མང་བའི་དུས་སུ་དེ་བས་སྟབས་བདེ་སྤྲད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10