ཀུན་དགས་བསྒྱུར། 2018-03-08
གསར་འགོད་པས་ཉེ་ཆར་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དཔྱིད་གསར་དུས་ཆེན་སྐབས་སུ་རང་ཁུལ་གྱིས་ཡུལ་སྐོར་བ་ཁྱོན་བསྡོམས་མིའི་ཐེངས་གྲངས་ཁྲི33.47ལ་སྣེ་ལེན་བྱས་ནས་ཡོང་འབབ་སྒོར་ཁྲི33403.06རག་ཡོད། ན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ43.4དང་བརྒྱ་ཆ43.4འཕར་ཡོད་པས། ད་ལོ་ནི་སྔ་ལོའི་དཔྱིད་གསར་དུས་ཆེན་སྐབས་ཀྱི་ཡུལ་སྐོར་མི་གྲངས་ལས་ཆེས་མང་ཞིང་ཕྱོགས་བསྡུས་ཡུལ་སྐོར་ཡོང་འབབ་ཀྱང་ཆེས་བཟང་བའི་ལོ་ཞིག་ཡིན་ཞིང་། བདེ་འཇགས་དང་སྒྲིག་ལམ། སྤུས་ཀ ཁེ་ཕན། ཤེས་དཔལ་བཅས་གཅིག་གྱུར་ལྔའི་དམིགས་ཚད་ཀྱང་མངོན་འགྱུར་བྱུང་ཡོད་པ་རེད། ད་ལོར་ས་ཁོངས་ཡུལ་སྐོར་གྱི་འཕར་ཚུལ་ཆེན་པོ་མངོན་པ་དང་འགྲུལ་ཁུངས་གྲུབ་ཚུལ་ལ་འགྱུར་ལྡོག་གསར་པ་བྱུང་ཡོད་པས་མ་ཚད། དཔྱིད་གསར་གུང་གསེང་སྐབས་སུ་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་བརྒྱ་ཆ95ཡན་ལ་སླེབས་པ་དང་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པོར་ཐོབ་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2018ལོའི་དཔྱིད་གསར་དུས་ཆེན་གྱི་རྫོགས་ལྡན་གཟའ་འཁོར་རིང་གི་ཡུལ་སྐོར་བའི་སྣེ་ལེན་ལས་དོན་ཡག་པོ་སྒྲུབ་ཆེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་དཔྱིད་གསར་གུང་སེང་སྐབས་སུ་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་ཁའི་འགག་ཁར་རླངས་འཁོར་ཆུ་ཚོད་ཕྱེད་ཀ་ལས་བཀག་མི་རུང་བའི་མཛུབ་སྟོན་གལ་ཆེན་ལ་གཞིགས་ནས་འབྲེལ་ཡོད་སྡེ་ཁག་གིས་དར་རྩེ་མདོ་དང་ལྕགས་ཟམ་ཁ། དུང་དཀར་ལུང་པ་སོགས་ཀྱི་འགན་འཁུར་བར་ཆེད་དོན་ཞིབ་འཇུག་བྱས་པས་མ་ཚད། གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་ཏུ་རླངས་འཁོར་ཤར་གཏོང་ཐུབ་པར་འགན་ལེན་བྱས་པ་རེད། དུས་ཆེན་མ་ཤར་གོང་དུ་ཁུལ་སྲིད་གཞུང་གིས་ད་དུང་ཆེད་མངགས་འབྲེལ་གཏུག་གྲོས་ཚོགས་བསྡུས་ནས་འབྲེལ་ཡོད་སྡེ་ཚན་ལ་རྫོགས་ལྡན་གཟའ་འཁོར་རིང་གི་ཡུལ་སྐོར་སྣེ་ལེན་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་བ་རེད།
གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་རྫོགས་ལྡན་གཟའ་འཁོར་རིང་ལ་དར་མདོ་གྲོང་ཁྱེར་གྱིས་ཡུལ་སྐོར་བར་སྣེ་ལེན་བྱས་ཚད་མིའི་ཐེངས་གྲངས་ཁྲི2.65ལ་སླེབས་ཡོད་པས་ན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ63.6འཕར་ཡོད། ལྕགས་ཟམ་རྫོང་གིས་ཡུལ་སྐོར་བར་སྣེ་ལེན་བྱས་ཚད་མིའི་ཐེངས་གྲངས་ཁྲི13.16ལ་སླེབས་ཡོད་པས་ན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ32.46འཕར་ཡོད། རོང་བྲག་རྫོང་གིས་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི1.42ལ་སྣེ་ལེན་བྱས་ཡོད་པས་ན་ལོའི་དུས་མཉམ་ལས་བརྒྱ་ཆ11འཕར་ཡོད། གསེར་ཐར་རྫོང་གི་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི2.23ལ་སྣེ་ལེན་བྱས་ཡོད་ཅིང་། དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི5.84ལ་སྣེ་ལེན་བྱས་ཡོད་པས་ན་ལོའི་དུས་མཉམ་ལས་བརྒྱ་ཆ26འཕར་ཡོད། འདབ་པ་ཉི་སྟེན་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི0.32ལ་སྣེ་ལེན་བྱས་ཡོད་པས་ན་ལོའི་དུས་མཉམ་ལས་བརྒྱ་ཆ100འཕར་ཡོད། མི་རྒོད་མཚོའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི1.12ལ་སྣེ་ལེན་བྱས་ཡོད་པས་ན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ143འཕར་ཡོད། དེ་མིན་གངས་དཀར་ཡུལ་སྐོར་སྐོར་ལམ་དུ་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི24.26ལ་སྣེ་ལེན་བྱས་ཡོད། ཁུལ་ཡོངས་ཀྱི་ཡུལ་སྐོར་བའི་སྣེ་ལེན་བསྡོམས་འབོར་གྱི་བརྒྱ་ཆ72ལ་ཟིན་ཡོད། འདི་རིང་དུ་དར་མདོའི་གནམ་ཐང་དུ་ཕྱིར་གཏོང་ནང་འདྲེན་གྱི་འགྲུལ་པ་མིའི་ཐེངས་གྲངས578ལ་སླེབས་པ་དང་འདབ་པ་ཉི་སྟེན་གནམ་ཐང་དུ་འགྲོ་འོང་བྱས་པའི་འགྲུལ་པ་མིའི་ཐེངས་གྲངས1105ལ་སླེབས་ཡོད། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་ཁའི་ལམ་དུ་འགྲོ་འོང་བྱས་པའི་རླངས་འཁོར101870ལ་སླེབས་པ་དང་དེའི་ནང་དུ་རང་ཁུལ་དུ་ཡོང་པའི་རླངས་འཁོར47619ལ་སླེབས་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10