རང་ཁུལ་གྱིས་སྐབས་དང་པོའི་གཅེས་སེམས་དགེ་སྒྲུབ་ཟླ་བ་དང་སྐབས་གཉིས་པའི་གཅེས་སེམས་དགེ་སྒྲུབ་ཉིན་མོའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ།

ལྷ་འཛོམས་ཀྱིས་བསྒྱུར།        2013-11-28

ཟླ་བ11པའི་ཚེས19ཉིན།རང་ཁུལ་གྱི་སྐབས་དང་པོའི་གཅེས་སེམས་དགེ་སྒྲུབ་ཟླ་བ་དང་སྐབས་གཉིས་པའི་གཅེས་སེམས་དགེ་སྒྲུབ་ཉིན་མོའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་དེ་དར་མདོའི་མཛའ་གཞས་ཐང་ཆེན་དུ་སྤེལ་བ་རེད།ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་མཛད་སྒོའི་ནང་ཞུགས་ཤིང་ཤིས་ཚིག་ཕུལ།ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བས་འགོ་ཚུགས་མཛད་སྒོའི་གཙོ་འགན་བཞེས།ཁུལ་གྱི་འགོ་ཁྲིད་ལི་ཁང་དང་དབྱི་ཧྥན་སོགས་མཛད་སྒོའི་ནང་ཞུགས་ཡོད།
    ཧུའུ་ཁྲང་ཧྲེང་གིས་བསྟན་དོན།ལོ་མང་རིང་ལ་རྒྱ་ཆེའི་ཁམས་པའི་བུ་དང་བུ་མོས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་འོག་དགེ་བ་སྒྲུབ་རྒྱུ་དེ་ཀུན་སྤྱོད་བཟང་པོར་བརྩིས་ནས་གཅེས་སེམས་ཀྱི་མེ་ཏོག་དེ་ཁམས་པའི་མཐོ་སྒང་གི་གང་སར་བཞད་པར་བྱས།ཁྱད་པར་དུ་སྐབས་དང་པོའི་གཅེས་སེམས་དགེ་སྒྲུབ་ཉིན་མོའི་བྱེད་སྒོ་སྤེལ་བ་ནས་བཟུང་།ལས་བྱེད་པ་དང་ལས་བཟོ་རྣམས་ཀྱིས་རང་ཉིད་ཀྱི་ཉིན་གཅིག་གི་གླ་ཕོགས་དང་ཁེ་ལས་དང་ཚོང་གཉེར་དུད་ཚང་གིས་ཉིན་གཅིག་གི་ཁེ་སྤོགས་ཞལ་འདེབས་བརྒྱབ་པ་དང་།དགོན་པའི་གྲྭ་བཙུན་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་མི་སྣས་དགེ་སྒྲུབ་སྦྱིན་གཏོང་བྱས་ནས་དབང་པོ་སྐྱོན་ཅན་བཅུ་ལྷག་ལ་རམ་འདེགས་ཡོ་བྱད་ཉོས་ཤིང་།ནད་རིགས་ཚབས་ཆེན་ཕོག་མཁན་ནད་པ་བརྒྱ་ཕྲག་ཁ་ཤས་ཀྱི་ནད་བཅོས་པ་དང་།དབུལ་ཕོངས་མང་ཚོགས་སྟོང་ལྷག་གི་དཀའ་ངལ་སེལ་བ་བཅས་བྱས་པརེད།ད་ལོར་གཅེས་སེམས་དགེ་སྒྲུབ་ཉིན་མོའི་བྱེད་སྒོ་སྤེལ་བའི་རྨང་གཞིའི་ཐོག་ང་ཚོས་ལོ་ལྟར་གྱི་ཟླ་བ11པ་དེ་གཅེས་སེམས་དགེ་སྒྲུབ་ཉིན་མོར་གཏན་འཁེལ་བྱས།ཤུགས་ཆེན་པོས་ཉིན་གཅིག་གི་ཡོང་སྒོ་ཞལ་འདེབས་རྒྱག་པ་དང་གཅེས་སེམས་སློབ་སྐྱོར།གཅེས་སེམས་དགེ་བའི་ཞལ་འདེབས་བརྒྱབ་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།མིག་སྔར་དངུལ་སྒོར་ཁྲི3000ལྷག་ཙམ་གྲབས་གསོག་བྱས་ནས་སང་ལོར་སྒོར་དུང་ཕྱུར་བརྒལ་གང་ཐུབ་བྱ་དགོས།
    བྱེད་སྒོའི་ནང་ལི་ཝུའུ་ཟངས་གཏེར་སྤྱི་གཉེར་ཁང་དང་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཅེས་སེམས་སློབ་སྐྱོར་ཐེབས་རྩར་དམིགས་འཛུགས་བྱས་ནས་ཞལ་འདེབས་རྒྱག་རྒྱུའི་གྲོས་གཞི་ཡེ་གེ་བཀོད་ཅིང་།སི་ཁྲོན་ཧྭ་ཞི་ཚོགས་པའི་ཚད་ཡོད་སྤྱི་གཉེར་ཁང་དང་ཁུལ་རྒྱ་གྲམ་དམར་པོ་ཚོགས་པས་ལྕགས་ཟམ་རྫོང་ཞིན་ལུང་གྲོང་རྡལ་ཆིང་ཧྥུང་གྲོང་སྡེར་རོགས་དངུལ་ཞལ་འདེབས་བརྒྱབ་ནས་ཟམ་པ་ལས་རྒྱུའི་གྲོས་མཐུན་ཡི་གེ་བཞག་པ་དང་།གཅེས་སེམས་མི་སྣའི་འཐུས་མི་ཚུལ་ཁྲིམས་རྒྱ་མཚོས་ཁུལ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ་དང་གཅེས་སེམས་དགེ་བའི་ཐེབས་རྩ་ལ་དམིགས་འཛུགས་ཞལ་འདེབས་རྒྱག་རྒྱུའི་གྲོས་མཐུན་ཡི་གེ་བཞག་པ་རེད།

  • ལེ་ཚན་སྔོན་མ།:ཁུལ་དམངས་ཆེན་རྒྱུན་ཨུས་ལམ་ལུགས་གསུམ་སྤེལ་ནས་མང་ཚོགས་ལས་ཀ་ཟབ་སྤེལ་བཏང་།
  • ལེ་ཚན་རྗེས་མ།: གསར་འགྱུར་གནད་བསྡུས།
  • དོ་སྣང་ཆེ་བའི་རྩོམ།