འབའ་ཐང་རྫོང་ཡ་རི་སྒང་ཡུལ་ཚོས་རིག་གནས་དང་ཡ་རབས་སྤྱོད་བཟང་སློབ་པའི་བྱ་འགུལ་སྤེལ།

(སྐལ་བཟང་ཐུབ་བསྟན་གྱིས།)        2013-04-02

བོད་ལོ་གསར་མ་ཤར་གོང་གི་ཟླ་བ11པ་དང12པ་ནི་མང་ཚོགས་རྣམས་ཁོམ་སྐབས་ཡོད་པའི་དུས་ཡིན་པས་འབའ་ཐང་རྫོང་ཡ་རི་སྒང་ཡུལ་ཚོའི་སྲིད་གཞུང་དང་གྲོང་སྡེའི་ཨུ་ལྷན།   འབའ་གྲུབ་པ་དགོན་བཅས་ཀྱིས་མཉམ་གཉེར་བྱས་ནས་ཡུལ་ཚོའི་ལོ་ན55མན་དང་ལོ7ཡན་གྱི་རྒན་གཞོན་དར་གསུམ་དང་། བྱིས་པ་རྣམས་རྩ་འཛུགས་བྱས་ཏེ་རིག་གནས་དང་ཡ་རབས་སྤྱོད་བཟང་སློབ་པའི་བྱ་འགུལ་སྤེལ་བ་རེད།     ཡ་རི་སྒང་ཡུལ་ཚོ་ནི་དེ་སྔར་རིག་གནས་སྦྱོང་རྒྱུར་དང་དོད་ཆེར་མེད་ཅིང་བུ་ཕྲུག་སློབ་གྲྭར་སྐྱེལ་བའི་འདུ་ཤེས་ཞན་པ་དང་།  ཡུལ་དེ་ནས་ཐོན་པའི་ལས་བྱེད་པ་དང་།  དགེ་རྒན། སྨན་པ་སོགས་ཤེས་ལྡན་མི་སྣ་ཧ་ཅང་དཀོན།  ཉེ་བའི་ལོ་ཤས་རིང་ལ་རྒྱལ་ཁབ་ཀྱིས་ཞག་སྡོད་སློབ་གྲྭ་དང་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོ་གཙོ་བོར་བྱས་པའི་སློབ་གསོའི་བྱ་སྤྱོད་འཆར་གཞི་རབ་དང་རིམ་པ་སྤེལ་བ་དང་། ཤེས་རིག་ཡོན་ཏན་མེད་ན་ནམ་ཡང་རྗེས་ལུས་ཀྱི་གནས་ལས་ཐར་ཐབས་མེད་པའི་གོ་བ་གཏིང་ཟབ་ཕོག་ནས།  ཕ་མ་ཚོའི་སློབ་གསོའི་འདུ་ཤེས་ལ་བཅོས་བསྒྱུར་ཆེན་པོ་ཐེབས་ཤིང་རིག་གནས་ལ་དང་དོད་བྱེད་པའི་ཚ་རླབས་ཤིག་འཕྱུར་འགོ་བརྩམས་པ་རེད། རྩ་འཛུགས་ཚོགས་པས་ཡ་རི་སྒང་ཡུལ་ཚོའི་ཕྱི་ཕྱོགས་སུ་སློབ་གྲྭ་ཆེ་འབྲིང་ཁག་ལ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་དང་།    མཐར་ཕྱིན་ནས་ལས་ཞུགས་ལ་སྒུག་བཞིན་པའི་སློབ་མ་རྣམས་དགུན་ཁའི་གུང་གསེང་གཏོང་བའི་གོ་སྐབས་དང་བསྟུན་ནས་དགེ་རྒན་དུ་བསྐོས་ནས་དགོན་པའི་ཤེས་ཚད་ལོངས་པའི་བླ་གྲྭ་རྣམས་དང་ཆབས་ཅིག་སློབ་ཁྲིད་ཀྱི་འགན་དཀྲི་བ་རེད།  སློབ་ཁྲིད་ཀྱི་ནང་དོན་ཐད་བོད་ཡིག་གི་ཡིག་རྨོངས་སེལ་བའི་སློབ་དེབ་དང་།  རྒྱ་ཡིག   རྩིས་རིག  སུམ་རྟགས་དག་གསུམ། ཡ་རབས་སྤྱོད་བཟང་། རྒྱལ་གཅེས་དྲིན་ཤེས། རྒྱུན་མཁོའི་ཁ་འདོན་བཅས་ཀྱི་ནང་དོན་འདུས་པ་མ་ཚད་སློབ་གྲྭར་འགྲོ་བཞིན་པའི་སློབ་ཆུང་སློབ་མ་རྣམས་ལ་དགུན་གུང་གི་ལས་བྱ་ལེགས་བྲི་ཐུབ་པར་གསབ་ཁྲིད་བྱས་པ་རེད། 
   ཤེས་རྟོགས་བྱུང་བར་ལྟར་ན།  ཐེངས་འདིའི་རིག་གནས་དང་ཡ་རབས་སྤྱོད་ཚུལ་སློབ་པའི་བྱ་འགུལ་ཁྲོད་སློབ་གྲྭར་འགྲོ་བཞིན་ཡོད་པའི་སློབ་ཆུང་སློབ་མ་རྣམས་གཞིར་བཞག་དེ་མིན་སློབ་གཉེར་བ་རྣམས་སོ་སོའི་ཡོན་ཚད་དང་བསྟུན་ནས་ལོ་རིམ་ཁག་བདུན་དུ་བགོས་ཤིང་།  ཡིག་རྨོངས་སེལ་བའི་འཛིན་གྲྭར་སློབ་མ་ཆེ་ཆུང་ཁྱོན་བསྡོམས300ལྷག་འཛོམས་པ་དང་། དེའི་ནང་ཕལ་ཆེར་བ་དར་མ་ཡིན་ལ་ལོ་ན60ལ་ཉེ་བ་ཡང་མི་ཉུང་བ་ཡོད།  ལོ་རིམ་ཁག་ལ་སློབ་ཁྲིད་བྱེད་ཐེངས1000ལྷག་བྱས་པ་རེད།  སློབ་ཁྲིད་ལེགས་གྲུབ་བྱུང་རྗེས་ཡིག་ཚད་བླངས་པ་དང་སློབ་མ་ཕུལ་བྱུང་ཅན་དང་། དགེ་རྒན་རྣམས་ལ་བྱ་དགའ་སྤྲད་ཅིང་ཡུལ་ཚོའི་མང་ཚོགས་ལྷན་འཛོམས་བྱས་ནས་དགའ་སྟོན་རྟེན་འབྲེལ་གཟབ་རྒྱས་ཀྱང་སྤེལ་བ་རེད། བྱ་འགུལ་དེ་སྤེལ་བ་བརྒྱུད་མང་ཚོགས་ཀྱི་རིག་གནས་སྦྱོང་བའི་དང་དོད་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པ།  སློབ་གྲྭ་ཆེ་འབྲིང་གི་སློབ་མ་རྣམས་ལ་དངོས་སྦྱོང་གི་སྦྱོང་བརྡར་ཐེབས་ཤིང་སློབ་ཆུང་སློབ་མ་རྣམས་ལ་དངོས་ཕན་ཐོབ་པ།  ཡ་རབས་སྤྱོད་བཟང་དང་རྒྱལ་གཅེས་དྲིན་ཤེས་ཀྱི་སློབ་གསོ་ཐེབས་པ་སོགས་ཀྱི་ཕན་པ་མང་པོ་ཡོད་པས་རྒྱ་ཆེ་བའི་མང་ཚོགས་ཀྱིས་ཡི་རང་བའི་སྒོ་ནས་བསྟོད་བསྔགས་བྱས་ཤིང་ལོ་ལྟར་དེ་འདྲའི་བྱ་འགུལ་རྒྱུན་ཆད་མེད་པར་སྤེལ་བའི་རེ་བ་ཡང་ཞུས་པ་རེད།
  • ལེ་ཚན་སྔོན་མ།:མི་སེར་གྱི་དོན་ཆུང་ནི་གནམ་ས་ལས་ཆེ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ས་ཁོངས་ཡོངས་ཀྱི་ལྗོངས་རྒྱུ་འཕེལ་རྒྱས་ཚོགས་ཆེན་དར་མདོ་རུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།