མང་ཚོགས་སེམས་ནང་གི་ལས་བྱེད་པ་བཟང་པོ་འཇིག་མེད་རྡོ་རྗེ།

        2013-04-02

ཉེ་དུས་གསར་འགོད་པ་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྤྱི་ཁྲི3600 ཟིན་པའི་ཟི་ཁྲོན་དཀར་མཛེས་ཁུལ་གྱི་རྟའུ་རྫོང་སྦར་ཞབས་ཤང་དུ་སྐྱོད་དེ་ཤང་དེའི་ཤང་ཀྲང་འཇིགས་མེད་རྡོ་རྗེའི་མཛད་རྗེས་སྐོར་བཅར་འདྲི་ཞུ་བར་བསྐྱོད་པ་རེད།

འཇིགས་མེད་རྡོ་རྗེའི་ཕ་མ་གཉིས་ལ་ཕྲུ་གུ་ཁོང་ལས་མེད་པས་གོམ་གཤིས་ལྟར་ན་ཁྱིམ་ནང་བསྡད་དེ་ཁྱིམ་སྐྱོང་གནང་དགོས་ཀྱི་ཡོད་པ་རེད། འཇིགས་མེད་རྡོ་རྗེའི་ཕ་དཔལ་ལྡན་གྱིས་ཕྲུ་གུས་བློ་གཅིག་སེམས་གཅིག་ངང་ཡུལ་མི་ཚོའི་དོན་དུ་ལས་ཀ་བྱེད་ཀྱི་ཡོད་པས། བུའི་ཚབ་ལ་ངས་ཁྱིམ་ཚང་གི་འགན་འཁུར་དགོས་བྱུང་ཡང་འཁང་ར་བྱེད་མྱོང་མེད། འོན་ཀྱང་བུ་གློ་བུར་དུ་ཚེ་ལས་འདས་ཡོང་བསམ་བསམ་མ་བྱུང་ཞེས་གསུངས་པ་རེད།

འཇིགས་མེད་རྡོ་རྗེའི་བཟའ་ཟླ་ངག་དབང་པད་མོས་ང་གཉིས་གཉེན་སྒྲིག་བྱས་རྗེས་ཁྱིམ་ཚང་གི་ལས་ཀའི་ཐད་ཁོང་ལ་རེ་བ་བཅོལ་མྱོང་མེད། སྐབས་འགར་ཟླ་བ་འགའ་ཤས་ནང་ལ་ལོག་ཐུབ་ཀྱི་མེད་པ་མ་ཟད། ཐ་ན་ཕྲུ་གུ་སྐྱེས་པའི་དུས་སུ་ཡང་ཁྲིས་ལ་བསྡད་ནས་གཡོག་རྒྱུགས་མྱོང་མེད། འོན་ཀྱང་ཡུལ་མི་ཚོའི་གནས་ཚུལ་ཚང་མ་ཁོང་གིས་གསལ་གསལ་ཐིང་ཐིང་བློ་ལ་ངེས་ཀྱི་ཡོད། གྲོང་ཚོ་དང་དུད་ཚང་ཁག་ཏུ་སྐྱོད་སྐབས་སུ་དོན་དག་ཡོད་པ་ཚང་མ་ཁོང་གིས་ཟིན་བྲིས་གསལ་པོ་བརྒྱབ་གྱི་ཡོད། ངས་གྱོན་གོས་འཁྲུ་རིམ་བཞིན་ཁོང་གི་པ་ཀིའི་ནང་ནས་ཟིན་བྲིས་དེ་ཚོ་མཐོང་གི་འདུག་ཅེས་གསུངསཔ་རེད།

འཇིགས་མེད་རྡོ་རྗེའི་ཁྱིམ་གྱི་ཕྱི་རོལ་དུ་ཤིང་ཆ་མང་པོ་བཞག་ཡོད་པ་དང༌། ཁོང་གི་བཟའ་ཟླ་པད་མོས་ལོ་བདུན་བརྒྱད་གོང་ནས་ང་ཚོའི་ཁང་པར་བཟོ་བཅོས་རྒྱག་དགོས་བསམ་ཡང་ད་བར་ད་དུང་བཟོ་བཅོས་རྒྱག་ཐུབ་མ་སོང་ཞེས་གསུངསཔ་རེད།

འཇིགས་མེད་རྡོ་རྗེས་རང་གི་ནང་མི་ཚོར་ལྟ་རྟོགས་གང་ཡང་བྱེད་ཐུབ་མེད་ཀྱང་ཁོང་གི་ལས་རོགས་ཚོའི་སེམས་ནང་ཁོང་ནི་ས་ཆ་དེ་གའི་ཡུལ་མི་ཚོའི་ཆེད་དུ་སེམས་ནུས་ཡོད་དགུ་བཏོན་གནང་མཁན་ཞིག་རེད།

ལུང་ཏེང་ཤང་གི་དེ་སྔའི་ཤང་ཀྲང་གཞོན་པ་ཏུང་ཙིས་དྲན་གསོ་བྱེད་བཞིན་དུ་ཤང་འདིའི་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་བཞི་སྟོང་ཙམ་ཡོད་པ་དང་། འཇིགས་མེད་རྡོ་རྗེར་ཁྲག་ཤེད་མཐོ་བའི་ནད་ཡོད་ཀྱང་ཁོང་གིས་སྣང་བ་སྤུ་ཙམ་མེད་པར་ཕྱག་ལས་གནང་གི་ཡོད། འབྲོག་པའི་གཏན་སྡོད་ལས་གཞི་འཛུགས་སྐྲུན་བྱེད་རིང་ཁོང་གིས་ལ་རྒྱབ་ཆུ་བརྒལ་གྱིས་འབྲོག་པ་དུད་ཚང་རེ་རེ་བཞིན་གྱི་ཁྱིམ་དུ་ཕེབས་ཏེ་སྐུལ་སློང་གནང་གི་ཡོད་ཅེས་གསུངས་པ་རེད།

འཇིགས་མེད་རྡོ་རྗེའི་གཟུགས་པོའི་གནས་ཚུལ་ལ་གཞིགས་ནས། སྤྱི་ལོ 2010 ལོར་ཁོང་ས་བབ་དམའ་ཙམ་ཡིན་པའི་སྦར་ཞབས་ཤང་དུ་ལས་སྤོས་བྱས་པ་རེད། སྦར་ཞབས་ཤང་གི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཡུང་གིས་ཁོང་ལས་སྤོས་བྱས་རྗེས། གྲོང་ཚོ་དང་དུད་ཚང་ཁག་ལ་ཕེབས་ནས་ཟླ་ཕྱེད་ཙམ་ཡང་མ་སོང་བར་དུད་ཚང་གང་ཞིག་ལ་མི་ག་ཚོད་ཡོད་མིན་དང་། འདེབས་འཛུགས་གང་བྱེད་མིན། ས་ཞིང་མུའུ་ག་ཚོད་ཡོད་མིན་སོགས་ཚང་མ་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད་ཅེས་གསུངས་པ་རེད།

ཕྲུ་གུའི་སློབ་གསོའི་ཐད་འཇིགས་མེད་རྡོ་རྗེས་མཐོང་ཧ་ཅང་ཆེན་པོ་གནང་ནས། གལ་སྲིད་འབྲོག་པ་ཚོས་ཕྲུ་གུ་སློབ་གྲྭར་གཏོང་འདོད་མ་བྱས་ཚེ་ཁོང་གིས་ཕྲུ་གུའི་ཁྱིམ་དུ་སྐྱོད་དེ་གོ་སྐོན་སློབ་གསོ་སྐྱོན་གྱི་ཡོད། གྲོང་མི་ལྷག་སྒྲོན་གྱིས་འཇིགས་མེད་རྡོ་རྗེ་ཉིན་ལྟར་ངའི་ཁྱིམ་དུ་ཕེབས་ནས། ཕྲུ་གུ་སློབ་གྲྭར་གཏོང་དགོས་པའི་སློབ་གསོ་སྐྱོན་པ་མ་ཟད་ཕྲུ་གུ་སློབ་གྲྭར་སྐྱོད་རིང་རོགས་རམ་ཆེན་པོ་གནང་བྱུང་ཞེས་བཤད་པ་རེད།

མང་ཚོགས་ཀྱི་འགྲིམ་འགྲུལ་ཐད་ལ་ཡང་འཇིགས་མེད་རྡོ་རྗེས་མཐོང་ཧ་ཅང་ཆེན་པོ་གནང་ནས་གྲོང་ཚོ་ཁག་ལ་གཞུང་ལམ་སྐྲུན་ཡོད་པ་རེད། དེ་སྔོན་འདག་པས་ཁེངས་པའི་སྦར་ཞབས་ཤང་ལོ་གྲོང་ཚོའི་ལམ་དེའི་ཐོག་ད་ལྟ་གྲོང་མི་ཚོས་བག་ཕེབས་ངང་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་རེད། གྲོང་ཚོའི་ཀྲའེ་པུའུ་ཧྲུའུ་ཅི་ཨེ་ཙེ་རྒྱལ་མཚན་གྱིས་མིག་ལ་ཆུ་ཞག་འཁོར་བཞིན་དུ་གཞུང་ལམ་དེའི་ཐོག་འཇིགས་མེད་རྡོ་རྗེས་སྐུ་ལས་མང་པོ་སྐྱོན་ཡོད་ཅེས་གསུངས་པ་རེད།

འཇིགས་མེད་རྡོ་རྗེས་དུས་རྟག་ཏུ་མང་ཚོགས་ཀྱི་བྱ་བ་ཆེ་ཆུང་མེད་པ་ཚང་མ་ཐུགས་ལ་བརྟན་པོ་བཞག་གནང་གི་ཡོད་པས། བོད་ཁུལ་གྱི་མང་ཚོགས་ཚོས་ཀྱང་ཁོང་ལ་བརྩེ་བ་ཟབ་མོ་བཅངས་ཀྱི་ཡོད་པ་རེད།

སྤྱི་ལོ 2012ལོའི་ཟླ་བ 5པའི་ཚེས 25 ཉིན་ལས་བྱེད་པ་དང་མང་ཚོགས་མང་པོས་ས་ཐག་རིང་པོ་ཆོད་ཀྱང་ཕྱོགས་བཞི་མཚམས་བརྒྱད་ནས་འཇིགས་མེད་རྡོ་རྗེར་མཐའ་མའི་སྐྱེལ་མ་ཞུ་བ་དང་མྱ་ངན་ཞུ་བར་ཡོང་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:གཞི་རིམ་གྱི་ཆེས་མཛེས་པའི་ལས་བྱེད་པ་འཇིགས་མེད་རྡོ་རྗེ།
  • ལེ་ཚན་རྗེས་མ།:མི་སེར་གྱི་དོན་ཆུང་ནི་གནམ་ས་ལས་ཆེ།
  • དོ་སྣང་ཆེ་བའི་རྩོམ།