ཡུས་ཀྲིན་ཧྲིན་གྱིས་ཞིན་ཅང་གི་བྱ་བར་གཟིགས་ཞིབ་མཛད།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-04-02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཉེ་ལམ་ཞིན་ཅང་གི་བྱ་བར་གཟིགས་ཞིབ་མཛད་སྐབས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བཅས་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། སྤྱི་ཚོགས་བརྟན་འཇགས་དང་ཡུན་རིང་བདེ་འཇགས་ཡོང་བར་བྱེད་པ་དེ་བྱ་བ་སྣ་ཚོགས་ཀྱི་རྐང་འཛུགས་ས་དང་གནད་སར་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཆེན་པོའི་དར་ཆ་མཐོན་པོར་སྒྲེང་བ་དང་། དཔལ་འབྱོར་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་དམངས་འཚོ་ལེགས་བཅོས་བྱེད་པ་དེ་ཡུན་རིང་བདེ་འཇགས་ཡོང་བའི་སྤྱིའི་དམིགས་འབེན་ཁྲོད་བཞག་སྟེ། ཞིན་ཅང་དང་ཞིན་ཅང་འཛུགས་སྐྲུན་དཔུང་ཚོགས་ཀྱི་བྱ་བ་སྣ་ཚོགས་ལ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།
ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་སུམ་ཅུ་ཉིན་བར། ཡུས་ཀྲིན་ཧྲིན་སྔ་གཞུག་ཏུ་ཁ་ཧྲི་དང་ཨ་ཁི་སུའུ། ཝུའུ་ལུའུ་མུའུ་ཆི་སོགས་ས་ཁུལ་དུ་ཕེབས་པ་དང་། ཞིན་ཅང་འཛུགས་སྐྲུན་དཔུང་ཚོགས་མཐའ་ཁུལ་ཚོགས་པ་དང་ཁེ་ལས་གླིང་ཁུལ། མཐོ་རིམ་སློབ་གྲྭ་བཅས་ལ་ཕེབས་ཏེ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ཇུས་གཞི་ཆེན་པོར་གྲོས་བསྡུར་བྱས།
ཞིན་ཅང་འཛུགས་སྐྲུན་དཔུང་ཚོགས་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གནས་ཚུལ་ནི་ཡུས་ཀྲིན་ཧྲིན་གྱིས་ཐེངས་འདིར་གཟིགས་ཞིབ་གནང་བའི་ཕྱོགས་གཙོ་བོ་རེད། ཁོང་དཔུང་ཚོགས་ཁྲི་ཤོག་གསུམ་པ་ཐའོ་ཡུན་ཕྱུགས་ར་དང་དཔུང་ཚོགས་ཁྲི་ཤོག་དང་པོའི་ཨ་ལ་ཨར་གྲོང་ཁྱེར་དུ་ཕེབས་ཏེ། ལས་བྱེད་པ་དང་ལས་བཟོ་བར་སྙིང་ཉེ་བའི་ངང་ཁ་བརྡ་གནང་བར་མ་ཟད། སོ་སོར་བཞུགས་མོལ་ཚོགས་འདུ་བསྡུས་ནས་དཔུང་ཚོགས་འཁོར་རྒྱུག་བྱེད་པའི་ལམ་ལུགས་དང་ནོར་སྲིད་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད།  
ཡུས་ཀྲིན་ཧྲིན་གྱིས་ཞིན་ཅང་གི་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད། ཁོང་ཁ་ཧྲི་གྲོང་ཁྱེར་ནེ་ཙེ་ཨེ་པ་ཀི་གྲོང་རྡལ་ལ་ཕེབས་ཏེ་ལས་ཞུགས་ལས་གཞི་སྤེལ་བའི་གནས་ཚུལ་ལ་ཡུལ་དངོས་སུ་གཟིགས་ཞིབ་མཛད། ཞིན་ཅང་སློབ་གྲྭ་ཆེན་མོ་དང་ཞིན་ཅང་ཡང་བའི་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་ནས་ཡུས་ཀྲིན་ཧྲིན་གྱིས་རིག་ཚན་འཛུགས་སྐྲུན་དང་ལས་རིགས་ལག་རྩལ་སློབ་གསོ་གསོ་སྦྱོང་གི་གནས་ཚུལ་མཚམས་སྦྱོར་བྱས་པར་ཞིབ་ཏུ་ཉན་པར་མ་ཟད། དགེ་སློབ་རྣམས་དང་བརྩེ་བའི་བཞུགས་མོལ་མཛད། ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་གསུངས་རྒྱུར། དམངས་འཚོ་ལེགས་བཅོས་བྱེད་པའི་གནད་དོན་གཙོ་བོ་ནི་ལས་ཞུགས་ཡིན་པས། ངལ་རྩོལ་པ་མང་བའི་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་གོ་གནས་གལ་ཆེན་ཞིག་ཏུ་འཇོག་དགོས་ལ། སྤྱོད་གོ་ཆེ་བའི་ལག་རྩལ་སྣ་ཚོགས་གསོ་སྦྱོང་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་བྱེད་པར་ཤུགས་བསྣན་ཏེ། རིགས་སོ་སོའི་མང་ཚོགས་རྣམས་ལ་འཚོ་བ་སྐྱིད་པོ་རོལ་ཏུ་འཇུག་དགོས་ཟེར།
ཞིན་ཅང་གི་བརྟན་འཇགས་དེ་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པས། ཡུས་ཀྲིན་ཧྲིན་གྱིས་སྤྱི་ཚོགས་བརྟན་འཇགས་དང་ཡུན་རིང་བདེ་འཇགས་ཡོང་བའི་སྤྱིའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་ལྷོད་མེད་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱིས་རྒྱ་རིགས་གྲངས་ཉུང་མི་རིགས་དང་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་སོ་སོ་ཕན་ཚུན་འབྲལ་ཐབས་མེད་པ་བཅས་ཀྱི་བསམ་བློ་བརྟན་པོར་བཅངས་པར་ཁྲིད་སྟོན་བྱས་ནས། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས། རྒྱལ་ཁབ་གཅིག་གྱུར་བཅས་ལ་སྔར་ལས་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཞེས་ནན་གྱིས་གསུངས།  །
  • ལེ་ཚན་སྔོན་མ།:བདེ་ཆེན་རྫོང་གིས་རྒུན་འབྲུམ་ས་མུའུ13000འདེབས་འཛུགས་བྱས།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་དུ་ད་ལོའི་ཚོགས་ཆེན་གཉིས་ཀྱིས་གྲོན་ཆུང་བརྗོད་བྱ་གཙོ་བོར་འཛིན་པ།
  • དོ་སྣང་ཆེ་བའི་རྩོམ།