ཡུན་ནན་བདེ་ཆེན་ཁུལ་གྱིས་དགོན་སྡེའི་གྲྭ་བཙུན་གྱི་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་བཏང་བ།

རིན་ཆེན་མཚོ།        2013-05-27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་དགོན་སྡེའི་གྲྭ་བཙུན་རྣམས་མ་མཐའི་འཚོ་བའི་འགན་སྲུང་དང་རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་འགན་སྲུང་སྨན་བཅོས་ཁྱབ་ཁོངས་ཁྲོད་བཞག་ནས། དགོན་པར་གློག་ཆུ་འཐེན་པ་དང་ལམ་ལས་པའི་བཟོ་སྐྲུན་ལག་བསྟར་བྱས་པ་དང་། འཚོ་བར་དཀའ་ཁག་ཡོད་པའི་ཆོས་ལུགས་མི་སྣར་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། དགོན་སྡེའི་གྲྭ་བཙུན་རྣམས་ལ་འཚོ་སྡོད་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན།

བདེ་ཆེན་ཁུལ་ཆོས་ལུགས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་པའོ་ལེན་ཏི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཁུལ་ཡོངས་ཀྱི་དགོན་སྡེའི་མིང་ཐོའི་ཁྲོད་ཡོད་པའི་གྲྭ་བཙུན་སྟོང་གཉིས་དང་བཞི་བརྒྱ་སུམ་ཅུ་བོ་ཚང་མ་རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་འགན་སྲུང་ཁྲོད་བཞག་པ་དང་། དེ་ལས་གཞན་བདེ་ཆེན་ཁུལ་གྱིས་ད་དུང་དགོན་སྡེའི་གྲྭ་བཙུན་རྣམས་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཁྲོད་འཇོག་པའི་བྱ་བ་སྤེལ་ནས། བདེ་ཆེན་རྫོང་གི་གྲྭ་བཙུན་བརྒྱད་རྒྱ་ང་ལྔ་དང་། བའེ་ཞི་རྫོང་གི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་པའི་གྲྭ་བཙུན་ཡོངས་རྫོགས་མ་མཐའི་འཚོ་བའི་འགན་སྲུང་ཁྲོད་བཞག་པ་དང་། སེམས་ཀྱི་ཉི་ཟླ་རྫོང་གིས་ཀྱང་འབྲེལ་ཡོད་གཏན་འཁེལ་ལྟར་འགན་སྲུང་ཁྲོད་འཇོག་འོས་པ་ཚང་མ་འགན་སྲུང་ཁྲོད་བཞག་ཡོད་ཟེར།

བདེ་ཆེན་ཁུལ་གྱིས་འཚོ་བར་དཀའ་ཁག་ཡོད་པའི་ཆོས་ལུགས་མི་སྣར་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། ན་ནིང་སྔ་གཞུག་ཏུ་ནད་བྱུང་ཡོད་པའི་བླ་མ་དང་སློབ་སྦྱོང་བྱེད་བཞིན་པའི་སྤྲུལ་སྐུ་རྣམས་ལ་འཚམས་འདྲིའི་སྒོར་མོ་དང་འཚོ་བའི་ཁ་གསབ་རོགས་དངུལ་བྱིན།

དེ་ལས་གཞན་བདེ་ཆེན་ཁུལ་གྱིས་ད་དུང་ཆོས་ལུགས་མི་སྣའི་སྐྱེད་སྲིང་ཕྱོགས་ལ་ཆ་རྐྱེན་བཟང་བོ་བསྐྲུན། ཁུལ་ཡོངས་ཀྱི་བླ་མ་གཅིག་ལས་གཞན་ཚང་མས་ཁུལ་ནང་བསྟན་སློབ་གླིང་ནས་སློབ་སྦྱོང་བྱས་མྱོང་བ་དང་། མིག་སྔར་ལ་ལས་རང་དགོན་པ་རུ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། ལ་ལས་བོད་ལྗོངས་ལྷ་ས་དང་། ཆབ་མདོ་དང་ཟི་ཁྲོན་དཀར་མཛེས་སོགས་ས་ཆ་རུ་སློབ་སྦྱོང་བྱེད་ཀྱིན་ཡོད་ལ། སྲིད་གཞུང་གིས་ཁོང་ཚོའི་འཚོ་བའི་ཕྱོགས་ལ་ཐུགས་ཁུར་དང་རང་ནུས་ཅི་ལྕོགས་ཀྱིས་ཁོང་ཚོའི་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་ཐག་གཅོད་བྱས་ཏེ། ཁོང་ཚོས་སེམས་བདེ་མོའི་ངང་སློབ་སྦྱོང་བྱེད་པར་ཆ་རྐྱེན་གང་ལེགས་བསྐྲུན།

ལོ་མང་བོའི་རིང་དགོན་པར་ཆུ་གློག་ལམ་གསུམ་འཐེན་པའི་བཟོ་སྐྲུན་ལག་བསྟར་བྱས་མཐར། མིག་སྔར་བདེ་ཆེན་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་སྡེ་ཉེར་གསུམ་ལ་གློག་དང་ཆུ་འཐེན་པ་མ་ཟད་གཞུང་ལམ་ལས་ཡོད།།

  • ལེ་ཚན་སྔོན་མ།:སྐབས་བཅུ་བའི་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་རྩལ་སྦྱོང་ཁང་གི་ཐོག་མའི་རྣམ་པ་གྲུབ་པ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱི་ལས་བཟོ་བ450ལ་སྨན་བཅོས་ཐད་ཀྱི་རོགས་རེས་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།