བདེ་ཆེན་ཁུལ་གྱིས་སྐད་གཉིས་སློབ་གསོ་སྤེལ་ནས་གྲུབ་འབྲས་མང་པོ་ཐོབ་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2013-03-26

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་སློབ་འབྲིང་གི་མཐོ་གཉིས་འཛིན་གྲྭ24རུ་སོང་ཚེ་བོད་ཡིག་དགེ་རྒན་སྒྲོལ་མས་བོད་མ་རྣམས་ལ་བོད་སྐད་ཡིག་སློབ་འབྲིང་བྱེད་བཞིན་ཡོད་ལ།  ཡངས་ཤིང་ཆེ་བའི་སློབ་ཁང་དུ་སློབ་མ་ཚོའི“བོད་རྒྱ་སྐད་ཡིག”སློབ་སྦྱོང་བྱེད་པའི་འདུན་པ་ཉིན་རེར་ཇེ་ཟབ་ཏུ་འགྲོ་བཞིནཡོད། 

 བོད་རིགས་སློབ་མ་པ་སངས་ཀྱིས་གསར་འགོད་པར་ང་ཡིས་མཐོ་གསུམ་འཛིན་གྲྭ་རུ་སློབ་གཉེར་བྱེད་བཞིན་ཡོད་པ་དང་།  བོད་རྒྱ་སྐད་ཡིག་སྦྱང་ནས་ལོ12འགོར། ད་ལོ་ནི་མཐོ་འབྲིང་སྐབས་ཀྱི་ཆེས་མཐར་མཇུག་གི་སློབ་སྐབས་ཡིན་ལ།  གལ་ཏེ་རེ་འདུན་ལྟར་སློབ་གྲྭ་ཆེན་པོ་འགྲིམ་ཐུབ་ན་སྔར་བཞིན་བོད་སྐད་ཡིག་གི་ཆེད་ལས་བདམས་ནས་རང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་དར་སྤེལ་བྱེད་རྒྱུ་ཡིན་ཟེར། 

དགེ་རྒན་སྒྲོལ་མས་གསར་འགོད་པར་ཁོ་མོས་ཁྲིད་བྱ་ནི་གཙོ་བོ་བོད་ཡིག་ཡིན་པ་དང་།  སློབ་ཁྲིད་ཁྲོད་དུ་ཇི་ལྟར་ཚད་ལྡན་གྱིས་བོད་སྐད་ཡིག་སློབ་ཁྲིད་བྱེད་རྒྱུ་ནི་ངའི་འོས་འགན་ཡིན།  འཛིན་གྲྭ་ནང་དུ་བོད་རིགས་སློབ་མ90%ཡིན་ལ།  དེའི་ཁྲོད་ད་དུང་བོད་སྐད་ཡིག་ལ་དགའ་ཞེན་ཆེ་བའི་རྒྱ་རིགས་དང་ལེའུ་སུའུ་རིགས།  འཇང་རིགས་ནས་ཐོན་པའི་སློབ་མའང་ཡོད།  སློབ་མ་རྣམས་ལ་བོད་སྐད་ཡིག་ལེགས་པོ་ཞིག་སློབ་སྦྱོང་བྱེད་དུ་འཇུག་ཆེད།  རྒྱུན་ལྡན་གྱི་སློབ་ཁྲིད་ཁྲོད་ངས་སྔོན་ན་བོད་སྐད་ལ་བརྟེན་ནས་སློབ་ཁྲིད་ཐེངས་གཅིག་བྱེད་པ་དང་དེའི་རྗེས་རྒྱ་སྐད་ཀྱི་ལམ་ནས་སློབ་ཁྲིད་ཐེངས་གཅིག་བྱེད་ཀྱིན་ཡོད།  སྐབས་རེའི་ད་དུང་སློབ་མ་ཚོར་སྲོལ་རྒྱུན་གྱི་ཤེས་བྱ་སློབ་ཁྲིད་བྱེད་བཞིན་ཡོད་པས།  སློབ་མ་ཚོས་བོད་སྐད་ཡིག་སློབ་སྦྱོང་བྱེད་པའི་འདུན་པ་སྔར་ལས་ཇེ་ཟབ་ཏུ་སོང་ཡོད་པ་དང་།  སྦྱངས་འབྲས་ཀྱང་སྔར་ལས་ཇེ་བཟང་རེད་ཟེར། 

ཤེས་གསལ་བྱུང་བ་ལྟར་ན།  བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་ནི་ཡུན་ནན་ཞིང་ཆེན་མངའ་ཁོངས་སུ་བོད་རྒྱ་སྐད་གཉིས་སློབ་གསོ་སྤེལ་བཞིན་པའི་ཆ་ཚང་སློབ་གྲྭ་ཞིག་ཡིན་པ་དང་།  ལོ་ངོ18རིང་སློབ་གྲྭས་སྐད་གཉིས་སློབ་གསོ་སྤེལ་བའི་ཉམས་མྱོང་ལེགས་པོ་གསོག་འཇོག་བྱས་ཡོད་པས།  མི་རིགས་རིག་གནས་དར་སྤེལ་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པར་རྨང་གཞི་ལེགས་པོ་བཙུགས།  སློབ་གྲྭ་བཙུགས་ནས་ད་ལྟའི་བར་དུ་སློབ་གྲྭ་འདིས་སྐད་གཉིས་སློབ་མ1962བསྡུ་ལེན་དང་གསོ་སྐྱོང་བྱས།  །  

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱི་སྐྱེ་དངོས་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།