བདེ་ཆེན་ཉིན་རེའི་ཚགས་པར་དུ་འབྱོར་བའི་གནས་ཚུལ་གཞིར་བཟུང་། ཀྲུང་གོའི་ས་ཡོམ་ཁང་གི་དྲ་བས་ཚད་འཇལ་གཏན་ཁེལ་བྱས་དོན།ཚེས་7ཉིན་གྱི་ཆུ་ཚོད་21དང་སྐར་མ་49ཡི་ཐོག རང་ཞིང་ཆེན་གྱི་ཕུའུ་ཨེར་གྲོང་ཁྱེར་གྱི་ཅིང་ཀུའུ་ཏའེ་རིགས་དང་དབྱིས་རིགས་རང་སྐྱོང་རྫོང་གི(འཕྲེད་ཐིག་བྱང་མའི་ཏུའུ་གྲངས་23.4དང་ཤར་གྱི་གཞུང་ཐིག་ཏུའུ་གྲངས་100.5)ས་ཁོངས་སུ་ཡོམ་རིམ་6.6ཡི་ས་ཡོམ་བྱུང་བ་རེད།ས་ཡོམ་ལྟེ་གནས་ནི་ཡུང་ཕིང་གྲོང་རྡལ་དུ་ཡིན།ཡོམ་གནས་ཀྱི་གཏིང་ཚད་ནི་སྤྱི་ལེ་5ཡིན།ལིན་ཚང་དང་ཏེ་ཧུང་།ཞི་ཧྲོང་པན་ན་སོགས་ས་ཆར་ཡོམ་ཚུལ་དྲག་པོ་ཡིན་ཞིང་།ཏ་ལི་དང་ཁྲུའུ་ཞུང་།ཁུན་མིང་སོགས་ས་ཆ་ལ་ཡོམ་ཚུལ་མངོན་ཡོད།རང་ཞིང་ཆེན་གྱིས་རིམ་པ་དང་པོའི་རྒུད་སྐྱོབ་འཚུབ་བསྟུན་ལས་ཀ་ལག་བསྟར་བྱེད་པ་རེད།ཚེས་8ཉིན་གྱི་ཆུ་ཚོད་8དང་སྐར་མ་30ཡི་ཐོག ས་ཡོམ་གྱིས་ཅིང་ཀུའུ་རྫོང་དང་སི་མའོ་ཆུས།ཀྲིན་ཡོན་རྫོང་།ལིན་ཞང་ཆུས།ཧྲོང་ཅང་རྫོང་སོགས་རྫོང་དང་ཆུས་5ཡི་མི་གྲངས་ཁྲི་12.46ལ་གནོད་སྐྱོན་ཕོག་པ་དང།མི་1ཤི་སོང་བ།མི་324ལ་རྨས་སྐྱོན་ཕོག་པ།མི་8ལ་རྨོས་སྐྱོན་ཚབས་ཆེན་ཕོག་པ།བྲེལ་མྱུར་གྱིས་གནས་སྤོས་བདེ་འགོད་མི་གྲངས་56880བྱས་པ།ཁང་མིག་6988རྡིབ་པ།གཏོར་བརླག་ཚབས་ཆེན་ཐེབས་པའི་ཁང་མིག་13017ཡོད།བྱེ་བྲག་གི་གནས་ཚུལ་ནི་ཞིབ་རྩིས་བྱེད་བཞིན་སྒང་རེད།
རྒྱལ་ཁབ་གནོད་སྐྱོན་ཉུང་གཏོང་ཨུ་ཡོན་ལྷན་ཁང་དང་དམངས་སྲིད་པུའུ་ཡིས་རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་རྒུད་སྐྱོབ་འཚུབ་བསྟུན་ལས་ཀ་ལག་བསྟར་བྱེད་ཡོད་ལ།ལས་བྱེད་ཚོ་ཆུང་མངགས་ནས་ཚེས་8ཉིན་གྱི་ཞོགས་པར་གནམ་གྲུར་སྡོད་དེ་པེ་ཅིན་ནས་གནོད་སྐྱོན་བྱུང་ཁུལ་དུ་བསྐྱོད་པ་རེད།ཕུའུ་ཨེར་གྲོང་ཁྱེར་དང་ཅིང་ཀུའུ་རྫོང་གིས་མགྱོ གས་མྱུར་གྱིས་གྲོང་ཁྱེར་དང་རྫོང་གི་འཚུབ་བསྟུན་རིམ་པ་དང་པོའི་སྔོན་གྲབས་འཆར་གཞི་ལག་བསྟར་བྱེད་པ་དང་།གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་ཀྱིས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་སྣེ་ཁྲིད་བྱས་ནས་དུས་ཚོད་དང་པོར་གནོན་སྐྱོན་ཁུལ་དུ་བསྐྱོད་དེ་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་བྱས་པ་རེད།
ཕྱོགས་སོ་སོའི་རོགས་སྐྱོབ་སྟོབས་ཤུགས་གནོད་སྐྱོན་བྱུང་ཁུལ་དུ་འབྱོར་ནས་རོགས་སྐྱོབ་བྱེད་བཞིན་ཡོད།
གཞན་ཡང་ཤེས་རྟོགས་བྱུང་དོན།ས་ཡོམ་བྱུང་རྗེས་ཀྱི་ཆུ་ཚོད་སྐར་མ་20ཡི་ནང་དུ།ཨ་སྔོན་རོགས་སྐྱོབ་བདེ་ཆེན་སེམས་ཀྱི་ཉི་ཟླའི་རུ་འབྲིང་གིས་དཔུང་འཇུག་བྱེད་རྒྱུའི་བཀའ་རྒྱ་འབྱོར་རྗེས།ལམ་སང་རུ་མི་བསྡུ་རུབ་དང་ཡོ་བྱད་གྲ་སྒྲིག་བྱས་ནས།བདེ་ཆེན་སེམས་ཀྱི་ཉི་ཟླའི་རུ་འབྲིང་དང་ཁྲུའུ་ཞུང་ཡན་ལག་རུ་ཁག་གི་མི་17སྣ་ནས་གྲུབ་པའི་རོགས་སྐྱོབ་ཚོ་ཆུང་དེ་ཚེས་8ཉིན་གྱི་ཆུ་ཚོད་00:40ཡི་ཐོག ས་ཡོམ་བྱུང་ཁུལ་དུ་འབྱོར་བ་རེད།