སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། 2014-08-06
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཟླ7པའི་ཚེས26ཉིན།རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན།སློབ་གསོ་ཚན་རིག་དང་རིག་གནས་འཕྲོད་བསྟེན་ལུས་རྩལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏོན་ཧྲི་ཅེ་དང་ཁྲང་རོང་ཅུན་གྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མ་ཞུས་ལུང་དང་ཝང་ཡུང་ཧྥང་།ཝང་ལན་དབྱིན།པེན་ཀྲི་ལིའང་།ལི་གོ་ཕིང་།དབྱང་ཧྭ།དབྱང་ཅ་ལི།ཀྲང་ཝུའུ་ཅུན་བཅས་ཁྲིད་ནས་བདེ་ཆེན་ཁུལ་དུ“རྒྱུ་མང་ཅན་གྱི་དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་འདེགས་མ་ལག་འཛུགས་པ་སྟེ་མང་ཚོགས་ཀྱི་ལུས་རྩལ་ལུས་སྦྱོང་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པའི”རྣམ་གྲངས་ལ་ཆེད་དོན་བརྟག་དཔྱད་ཞིབ་འཇུག་བྱས་ཤིང་བཞུགས་མོལ་ཚོགས་འདུའང་འཚོགས་པ་རེད།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏུའུ་ཡུང་ཁྲུན་གྱིས་གྲོས་ཚོགས་གཙོ་སྐྱོང་བྱས།
ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི།ཅུས་ཀྲང་དབྱང་ཉིང་།ཞིང་ཆེན་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་དང་རིག་གནས་འཕྲོད་བསྟེན་ལུས་རྩལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མ་ལིན་ཁུའེ་ཡིས་བརྟག་དཔྱད་ཞིབ་འཇུག་ལ་ཕེབས་རོགས་ཞུས་པ།ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚའེ་ཝུའུ་ཁྲེང་།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ལི་ཕིང་།དྲུང་ཆེན་ཕོང་ཡའོ་ཝུན།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་སོགས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
སྙན་ཞུ་གསན་རྗེས།ཏོན་ཧྲི་ཅེ་ཡིས་རང་ཁུལ་གྱིས་ཉེ་ཆར་ལོ་འགའི་རིང་སྒྲུབ་པའི་མང་ཚོགས་ཀྱི་ལུས་རྩལ་ལས་ཀའི་ཁྲོད་དུ་བཞག་པའི་འབད་བརྩོན་ལ་ཁས་ལེན་གང་ལེགས་གནང་བ་རེད།ཁོང་གིས་བདེ་ཆེན་ནི་མཐོ་སྒང་གི་དབུལ་ཕོངས་ས་ཁུལ་དུ་གནས་ཡོད།མིག་སྔར་ལུས་རྩལ་གྱི་རྨང་གཞིའི་སྒྲིག་ཆས་ཆེ་གྲས་བཙུགས་ཡོད་ལ་ལུས་རྩལ་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པས།དེ་ནི་རང་ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་དང་རྒྱབ་སྐྱོར་བྱས་པར་འབྲལ་ཐབས་མེད།ཟླ་9པར་བདེ་ཆེན་དུ་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འཚོག་རྒྱུ་ཡིན་པས།བདེ་ཆེན་གྱིས་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བར་གོ་སྐབས་བཟང་པོ་ཞིག་སྤྲོད་རྒྱུ་རེད།བདེ་ཆེན་གྱིས་ཡུལ་བབ་དང་བསྟུན་ནས་མ་གནས་གཅོག་གང་ཐུབ་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ།ལུས་རྩལ་བྱ་གཞག་འཕེལ་རྒྱས་དེ་བས་ཡག་པོ་གཏོང་རྒྱུའི་རེ་བ་བཅོལ་རྒྱུ་ཡིན།བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་གི་ཐེངས་འདིའི་བདེ་ཆེན་དུ་སྐྱོད་པའི་དམིགས་ཡུལ་ནི་ས་གནས་སོ་སོའི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་ར་དང་།ལུས་རྩལ་ཐང་དང་ལུས་རྩལ་ཁང་།སྒྲིག་ཆས་འཛུགས་སྐྲུན་གནས་ཚུལ་བཅས་ལ་ལྟ་ཞིབ་བྱས་ནས།ས་ཆ་དེ་རང་གི་ཉམས་མྱོང་ཡག་པོ་དང་བྱ་ཐབས་ཡག་པོ་བསྡུ་ལེན་བྱེད་པ་དང་གནས་པའི་གནད་དོན་བཙལ་འཚོལ་བྱས་ཏེ།ཀྲུང་དབྱང་དང་འབྲེལ་ཡོད་སྡེ་ཁག་གིས“མ་དངུལ་གཏོང་ཚད་ཉུང་ཞིང་ཁེབས་རྒྱ་ཆེ་བ།ཕན་ཁེ་མང་ཙམ་ཐོབ་པའི”དམངས་ཡོངས་ལུས་སྦྱོང་གི་རྨང་གཞིའི་སྒྲིག་ཆས་ཀྱི་གཏོང་འཇོག་དཔེ་དབྱིབས་འཚོལ་བར་ཇུས་འགོད་ཐད་ཀྱི་ཟུང་ལྟའི་དཔྱད་གཞི་མཁོ་སྤྲོད་བྱེད་རྒྱུ་དེ་ཡིན་ཞེས་བསྟན།
བཞུགས་མོལ་ཚོགས་འདུའི་ཐོག ཚའེ་ཝུའུ་ཁྲེང་གིས་བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་ལ་རང་ཁུལ་གྱི་མང་ཚོགས་ལུས་རྩལ་ལས་ཀའི་སྒྲུབ་ཚུལ་ངོ་སྤྲོད་བྱས།ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་འོག་བདེ་ཆེན་གྱི་ལུས་རྩལ་བྱ་གཞག་ལ་མེད་པ་ནས་ཡོད་པར་གྱུར་བའི་འགྱུར་ལྡོག་ཆེན་མོ་བྱུང་ཡོད།“ལོ་ལྔ་ཚན་བཅུ་གཉིས”ཀྱི་བར་སྐབས་སུ།བདེ་ཆེན་གྱིས་“དམངས་ཡོངས་ཀྱི་ལུས་སྦྱོང་རྨང་གཞིའི་སྒྲིག་ཆས་ལས་གྲྭ”དང་“དམངས་ཡོངས་ཀྱི་ལུས་སྦྱོང་རྩ་འཛུགས་འཛུགས་སྐྱོང་ལས་གྲྭ”དང་“དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོའི་དཔེ་སྟོན་ལས་གྲྭ”བཅས་ཡན་ལག་ལས་གྲྭ་གསུམ་ནས་གྲུབ་པའི་“མཛེས་སྡུག་ཡུན་ནན་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ལས་གྲྭ”དེ།ཁུལ་རིམ་པར་ཕན་ནུས་འཐུས་སྒོ་ཚང་བའི་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ལྟེ་གནས་བཙུགས་ཡོད་ལ།རྫོང་ཁག་གསུམ་དུ་སོ་སོར་ལུས་རྩལ་དང་།ཤང་དང་གྲོང་སྡེ་རིམ་པ་གཉིས་ལ་གློག་འོད་ལན་ཆིའུ་སྤོ་ལོ་ཐང་17དང་།ལུས་རྩལ་བྱེད་སྒོ་བསྡུ་ར་1435བཙུགས་ཡོད་པས།ལུས་རྩལ་བྱ་གཞག་གོམ་བརྟན་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་ཅེས་བསྟན།
ཏུའུ་ཡུང་ཁྲུན་གྱིས་བཞུགས་མོལ་ཚོགས་འདུའི་ཐོག ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་དང་རིག་གནས་འཕྲོད་བསྟེན་ལུས་རྩལ་གྱི་ཆེད་དོན་བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་ལ་བདེ་ཆེན་གྱི་ལས་ཀར་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་།ཁོང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་དང་རིག་གནས་འཕྲོད་བསྟེན་ལུས་རྩལ་གྱི་ཆེད་དོན་བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་གིས་བདེ་ཆེན་དུ་བརྟག་དཔྱད་ཞིབ་འཇུག་གནང་བ་དེ་རྒྱལ་ཡོངས་སྲིད་གྲོས་ཀྱིས་བདེ་ཆེན་གྱི་ལུས་རྩལ་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོང་གནང་བར་མཚོན་ཡོད་པ་དང་།བདེ་ཆེན་གྱི་ལུས་རྩལ་བྱ་གཞག་གི་འཕེལ་རྒྱས་ལ་གསོན་ཤུགས་བསྣན་ཡོད།ཨུ་ཡོན་རྣམ་པའི་ཤེས་རྒྱ་དང་མཐོང་རྒྱ་ཆེ་ལ་སྒྲུབ་བྱེད་གནད་སྨིན་ཡིན་ཞིང་།བདེ་ཆེན་གྱི་ལུས་རྩལ་བྱ་གཞག་གི་འཕེལ་རྒྱས་ལ་རྩ་ཆེའི་བསམ་འཆར་གང་མང་ཞིག་བཏོན་ཡོད་དེ།ང་ཚོས་འགན་འཁྲི་ལྗིད་པོ་ཡིན་པར་མྱོང་ཚོར་བྱུང་།དེང་ཕྱིན།བདེ་ཆེན་གྱིས་གོམ་གང་མདུན་སྤོས་ཀྱིས་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་བྱ་ཐབས་སྤྱོད་པ་དང་དོ་དམ་ཤུགས་ཆེར་གཏོང་བ།བསམ་གཞིགས་དང་བརྟག་དཔྱད་ཞིབ་འཇུག་ཏན་ཏིག་བྱེད་པ།འདུ་ཤེས་དང་བྱ་སྤྱོད་གསར་སྒྱུར་བྱས་ཏེ།བདེ་ཆེན་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་ཡིན་ཤེས་གསུངས།
ཚོགས་འདུ་འཚོགས་རྗེས།བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་གིས་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ལྟེ་གནས་ཀྱི་ཕྱོགས་བསྡུས་ལུས་རྩལ་ཐང་དང་།ལུས་རྩལ་ཁང་།སྦྱོང་བརྡར་ཁང་།ལན་ཆིའུ་སྤོ་ལོ་ཐང་།ཁང་ཕྱིའི་རྐང་རྩེད་སྤོ་ལོ་ཐང་སོགས་ལ་བརྟག་དཔྱད་ཞིབ་འཇུག་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10