སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཁབ་ཁྲལ་བསྡུ་ཅུའུ་ཡིས་བོད་སྐད་ཀྱི་ལམ་ནས་དམངས་ལ་ཞབས་ཞུ་སྒྲུབ་པ།
ཀྲུང་གོ་བོད་ཀྱི་དྲ་བ། 2014-05-28
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། “དམངས་ལ་སྟབས་བདེ་བཟོ་བའི་ཁྲལ་བསྡུ་དཔྱིད་དཔལ་བྱ་འགུལ” ཁྲོད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཁབ་ཁྲལ་བསྡུ་ཅུའུ་ཡིས་ཁོངས་གཏོགས་ས་ཁུལ་དུ་བོད་རིགས་མང་ཚོགས་མང་བའི་དོན་དངོས་ལ་དམིགས་ཏེ། བོད་སྐད་ཀྱི་ལམ་ནས་ཞབས་ཞུ་སྒྲུབ་པར་གཙོ་གནད་དུ་བཞག་པ་དང་། མང་ཚོགས་ཀྱི་གོ་རྡལ་འཕྲོད་པར་སྟབས་བདེ་བཟོས།
ཁྲལ་བསྡུ་དྲིལ་བསྒྲགས་བྱ་འགུལ་ཁྲོད་བོད་སྐད་བཀོལ་སྤྱོད་བྱེད་པར་གཙོ་གནད་དུ་བཞག་ནས། ཁྲལ་འཇལ་མཁན་ཚོས་དོ་སྣང་བྱེད་བཞིན་པའི་གནད་དོན་གཙོ་བོ་དང་ཟུང་འབྲེལ་བྱས་ཐོག ནན་ཏན་སྒོས་དབྱེ་ཞིབ་བྱེད་པ་དང་ཁྲལ་བསྡུ་ཕྱོགས་ཀྱི་གཟིགས་སྐྱོང་སྲིད་ཇུས། ཁྲལ་བསྡུ་སྲིད་ཇུས་དང་ཁྲལ་བསྡུ་གོ་རིམ་སོགས་ནང་དོན་གཅིག་བསྡུས་བྱས་ཏེ་ཆེད་ལས་མི་སྣས་བོད་སྐད་ཀྱི་ལམ་ནས་ཁྲལ་འཇལ་མཁན་ལ་དྲིལ་བསྒྲགས་བྱས།
བོད་སྐད་ཀྱི་ལས་དོན་ཟུར་ཁྲིད་ནན་ཏན་སྒོས་སྤེལ་བ་དང་། ཞིང་བའི་ཆེད་ལས་མཉམ་ལས་ཁང་དང་ཞིང་ལས་ཐོན་རྫས་ཀུང་ཟིའི་བོད་རིགས་སྤུན་ཟླ་ཚོའི་ཁྲལ་བསྡུ་སྐོར་གྱི་སྲིད་ཇུས་དང་བཅའ་ཁྲིམས། ཁྲལ་འཇལ་གོ་རིམ་བཅས་ལ་རྒྱུས་ལོན་མེད་པར་དམིགས་ཏེ། བོད་སྐད་བཤད་ཤེས་པའི་ཁྲལ་བསྡུ་དོ་དམ་པས་རྒྱུན་ལྡན་གྱི་དོ་དམ་བྱེད་ཐབས་སྤྱད་དེ་ཁོ་ཚོར་ཟུར་ཁྲིད་བྱེད་བཞིན་ཡོད། །