དར་མདོ་རྫོང་དམངས་སྲིད་ཅུས་ཀྱིས་དམངས་འཚོ་ལས་གྲྭ་དེ་ཉམས་ཞན་རིགས་གྲས་ལ་རོགས་སྐྱོར་བྱེད་ཡས་སུ་བཞག་ནས་འཛིན།
(ངེད་གསར་འགྱུར་ཐོ་འགོད་པ་ཡེ་ཤེས་མགོན་པོས་བྲིས།) 2011-10-20
དངོས་གནས་ཀྱིས་དམངས་འཚོ་ལས་གྲྭ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་ཉམས་ཞན་རིགས་གྲས་ལ་རོགས་སྐྱོབ་དེ་བས་ཡག་པོ་བྱེད་ཆེད།ད་ལོ་ནས་བཟུང་དར་མདོ་རྫོང་དམངས་སྲིད་ཅུས་ཀྱིས་མི་དམངས་ལ་དཀའ་ངལ་སེལ་རྒྱུའི་དམངས་སྲིད་ལས་ཀའི་དམིགས་ཡུལ་ལྟར།སྤྱི་ཚོགས་ཀྱི་ཉམས་ཞན་རིགས་གྲས་ལ་སྣ་མང་ཅན་གྱི་རོགས་སྐྱོར་བྱེད་རྒྱུའི་ལས་ཀ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།དར་མདོ་རྫོང་ཡོངས་སུ་གྲོང་རྡལ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་ཁྱོན་བསྡོམས་མི16824ཡོད་པའི་ནང་ནས་ཞིང་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ12348ཡོད་པ་རེད།ཟླ་བ9པའི་ཟླ་མཇུག་བར་དུ་སླེབས་སྐབས་ཞིང་སྡེ་ལ་མ་མཐའི་འཚོ་རྟེན་འགན་སྲུང་མ་དངུལ་སྒོར་ཁྲི893.5དང་གྲོང་རྡལ་ལ་མ་མཐའི་འཚོ་རྟེན་འགན་སྲུང་མ་དངུལ་སྒོར་ཁྲི859.5སྤྲད་ཡོད་པར་བརྟེན།འགན་སྲུང་བྱེད་དགོས་པའི་ཉམས་ཞན་རིགས་གྲས་ཐམས་ཅད་འགན་སྲུང་བྱེད་ཐུབ་ཡོད་པ་རེད།དེ་དང་ཆབས་ཅིག རྫོང་ཡོངས་སུ་དྭ་ཕྲུག་དང་མི་ཧྲེང་རྒན་ཁོག དབང་པོ་སྐྱོན་བཅས་བསྡོམས་པས521ཡོད་པ་དེ་དག་ལ་འཚོ་རྟེན་མ་དངུལ་སྒོར232.72གཏོང་སྤྲོད་བྱས་ཡོད་པས་མ་ཚད།ཞིང་འབྲོག་མང་ཚོགས་དང་གྲོང་རྡལ་ཡུལ་མིས་སྨན་ཡོན་རྩིས་ཐོ་ཞུས་རྗེས་རང་ཉིད་ཀྱིས་སྒོར་ཁྲི2ཡན་ཆད་འགན་འཁུར་དགོས་མཁན་ལ་ཆོད་དོན་ལྟར་སྨན་བཅོས་རོགས་སྐྱོར་བྱས་པ་རེད།ཟླ་བ8པའི་ཟླ་མཇུག་གི་བར་དུ་སླེབས་སྐབས་མིའི་ཐེངས་གྲངས768ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི126.83གཏོང་སྤྲོད་བྱས་ཡོད་པ་རེད།