དཀར་མཛེས་ཉིན་རེའི་ཚགས་པར་གྱིས་ཁུལ་མི་དམངས་སྨན་ཁང་དུ་རང་གནས་རྙེད་ཅིང་བྱེད་ནུས་ཐོན།

ཐུབ་བསྟན་དང་ཆིན་སུང་།        2011-08-08

ཟླ་བ7པའི་ཚེས28ཉིན་དཀར་མཛེས་ཁུལ་མི་དམངས་སྨན་ཁང་དང་དཀར་མཛེས་ཚགས་པར་ཁང་གིས་མཉམ་གཉེར་བྱས་པའི་བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་དཀར་མཛེས་ཉིན་རེའི་ཚགས་པར་སྨན་ཁང་དུ་རྒྱ་ཁྱབ་ཏུ་འགྲེམས་པའི་བྱ་སྤྱོད་དངོས་སུ་སྤེལ་འགོ་ཚུགས་པ་རེད།  ཚེས29ཉིན་གསར་འགོད་པ་སྨན་ཁང་དུ་བཅར་འདྲིར་ཕྱིན་པའི་སྐབས་ནད་སྡོད་ཐོག་ཁང་ཆེན་མོའི་ཐོག་བརྩེགས་ཀུན་གྱི་བར་འཁྱམས་སུ་གསར་དུ་བཟོས་པའི་ཚགས་པར་གདང་བུ་སྟེང་དུ་དཀར་མཛེས་ཉིན་རེའི་ཚགས་པར་འགེལ་བཞིན་ཡོད་ལ་ནད་པ་དང་ནད་གཡོག་བ་ཁ་ཤས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་ཚགས་པརལྟ་བཞིན་ཡོད་པའི་གནས་ཚུལ་མཐོང་བྱུང་།  ཁུལ་སྨན་ཁང་གིས་མ་དངུལ་སྒོར་ཁྲི་ལྷག་བཏང་ནས་ཚགས་པར་གདང་བུ20དང་བཤམ་སྒྲོམ་ཆེན་པོ་གཅིག་བཅས་བཟོས་པ་དང་།  ཆེད་བསྐོས་མི་སྣ་བཞག་ནས་ཉིན་རེ་བཞིན་ཚགས་པར་གདང་བུར་འགེལ་ཞིང་བཤམ་སྒྲོམ་དུ་བཅུག་པའི་ལས་ཀ་རྒྱུན་འཁྱོངས་ནས་བསྒྲུབ་རྒྱུ་ཡིན་ལ།   དཀར་མཛེས་ཚགས་པར་ཁང་གིས་དཀར་མཛེས་ཉིན་རེའི་ཚགས་པར་དུས་ཐོག་སྨན་ཁང་དུ་འཕྲོད་པར་བྱ་དགོས་པ་རེད། 
ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་རྡོ་རྗེས་བཤད་རྒྱུར།   ང་ཚོའི་སྨན་ཁང་དུ་ཡོང་བའི་ནད་པ་མང་ཆེ་བ་ནི་རང་ཁུལ་རྫོང་ཁག18ཀྱི་ཞིང་འབྲོག་དམངས་རྣམས་ཡིན་པ་རེད།   དེའི་ནང་དུ་བོད་ཡིག་དང་རྒྱ་ཡིག་ཤེས་མཁན་ཡང་མི་གྲངས་མི་ཉུང་བ་ཞིག་ཡོད་པ་རེད།  ད་ཐེངས་དཀར་མཛེས་ཚགས་པར་ཁང་དང་ངེད་སྨན་ཁང་གིས་བྱ་སྤྱོད་འདི་ལྟ་བུ་ཞིག་སྤེལ་བར་བརྒྱུད་ནས་ཞིང་འབྲོག་དམངས་རྣམས་ལ་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་སྲིད་གཞུང་གིས་དམངས་ཕན་སྲིད་ཇུས་སྤེལ་ཚུལ་ཐད་ཀར་ལྟ་ཆོག་པའི་ཆ་རྐྱེན་ཞིག་བསྐྲུན་པ་དང་།   ནད་པ་དང་ནད་གཡོག་རྣམས་དུས་ཚོད་འཁྱོལ་དཀའ་བའི་དཀའ་སྡུག་སེལ་བ་དང་དུས་མཚུངས་སུ་རིག་རྩལ་དང་ཚན་རྩལ་གྱི་ཤེས་བྱ་ཡང་མི་ཉུང་བ་ཞིག་ཤེས་ངེས་པས་སློབ་གསོ་དང་དྲིལ་བསྒྲགས།  དམངས་སྲོལ་གོམས་གཤིས།  མི་རིགས་ཀྱི་རིག་གནས་དར་སྤེལ་བཅས་ལ་ཕན་ནུས་བསྐྲུན་ཐུབ་པ་དེ་དམིགས་ཡུལ་འཛིན་པ་ཡིན།  ང་ཚོའི་སྨན་ཁང་དུ་ལོ་རེར་མ་མཐའ་ཡང་སྐབས་བཅོས་ནད་པ་ཁྲི1ནས25བར་ཡོད་པ་དང་།   སྡོད་བཅོས་ནད་པཁྲི2ལྷག་ཡོད་པ་རེད།   ནད་པ་དེ་དག་ལ་ནད་གཡོག་རེ་གཉིས་མེད་པ་མི་སྲིད་པས་ལོ་རེར་སྨན་ཁང་དུ་འགྲོ་འོང་བྱེད་མཁན་གྱི་མི་གྲངས་ཁྲི30ནས50ཡོད།   དེ་རྣམས་ཀྱི་ནང་དུ་མི་ལྔ་ཆ་གཅིག་ཙམ་གྱིས་ཚགས་པར་ལྟ་བའི་དབང་དུ་བཏང་ན་མི་ཁྲི6ནས་ཁྲི10ཙམ་ཡོད་པས་ལོ་རེར་དེ་ལྟར་རིགས་བསྒྲེས་ན་སློབ་གསོ་དང་དྲིལ་བསྒྲགས་སོགས་ཀྱི་ནུས་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཐོན་ངེས་རེད།   བྱ་སྤྱོད་འདི་ཡང་ང་ཚོའི་སྨན་ཁང་གིས་ཕུལ་བྱུང་ཞབས་འདེགས་ཞུ་བའི་བྱེད་སྒོའི་ནང་གི་བྱེད་ཐབས་ཤིག་ཡིན་ལ།   སྨན་པ་དང་ནད་པའི་བར་འཆམ་མཐུན་ཞི་འཇམ་གྱི་འབྲེལ་བ་གསར་པ་ཞིག་བཙུགས་ཏེ་ཁུལ་མི་དམངས་སྨན་ཁང་བདེ་བླག་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བཏང་བ་དང་།   གང་ཐུབ་ཅི་ཐུབ་ཀྱིས་རང་ཁུལ་འཆམ་མཐུན་སྤྱི་ཚོགས་བསྐྲུན་པར་ནུས་པ་འབུལ་བཞིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།   བྱ་སྤྱོད་འདི་སྤེལ་བར་རྒྱ་ཆེའི་ནད་པ་དང་ནད་གཡོག་རྣམས་ཀྱིས་མོས་མཐུན་བྱས་ཤིང་དགའ་སྤྲོའི་ཐལ་མོ་རྡེབ་པ་རེད།     དེར་བརྟེན།   དཀར་མཛེས་ཉིན་རེའི་ཚགས་པར་ཡང་མུན་ནག་ནང་གི་གློག་འོད་ཅིག་དང་མཚུངས་པར་དཀར་མཛེས་ཁུལ་མི་དམངས་སྨན་ཁང་དུ་འོས་འཚམ་གྱི་གནས་མལ་ཞིག་རྙེད་པ་དང་འབྲེལ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ཀྱི་སེམས་ནང་གི་མུན་པ་སེལ་བའི་གྲོགས་པོ་བཟང་པོ་ཞིག་ཏུ་གྱུར་སོང་བ་རེད། 
  • ལེ་ཚན་སྔོན་མ།:318རྒྱལ་སྲུང་གཞུང་ལམ་དེ་ཉག་ཆུ་རྫོང་ནས་འདམ་རྡོ་ཆུ་རུད་ཀྱིས་ཆད་སྐྱོན་བྱུང་།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་ནུས་ཁུངས་གྲོན་ཆུང་གི་དམིགས་ཡུལ་ལས་འགན་ལེགས་འགྲུབ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།