དཀར་མཛེས་བོད་ཁུལ་དུ་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་འགོད་དང་སྦྲ་གུར་གྱི་འཚོ་བ་གསར་པའི་བྱ་སྤྱོད་དང་སྦྲ་གུར་གསར་པ་གཏོང་སྤྲོད་མཛད་སྒོ་སྤེལ་བ།
ལྷ་འཛོམས་ཀྱིས་བསྒྱུར། 2011-03-21
ལིའུ་ཏའོ་ཕིང་མཛད་སྒོའི་ནང་ཕེབས་ཤིང་གསུང་བཤད་གནང་། ཟླ་བ3པའི་ཚེས9ཉིན་གྱི་སྔ་མོར་འབྲོག་པ་སྐལ་བཟང་ཆོས་འཕེལ་གྱིས་ཕུབ་མ་ཐག་པའི་དབྱིབས་གསར་ཅན་གྱི་སྦྲ་གུར་ལྟ་ཞོར་དུ་དགའ་སྤྲོ་ཆེན་པོས“སྦྲ་གུར་འདི་སྔོན་མའི་སྦྲ་གུར་ལས་ཡག་དོ།སྤྱོད་གོ་ཆོད་པོ་ཞིག་རེད།ཕྱིན་ཆད་ཀྱི་ཕྱུགས་འབྲོག་འཚོ་བའི་ནང་དེང་རབས་ཀྱི་དཔལ་ཡོན་འཚོ་བ་རོལ་ཐུབ་ངེས།གུང་ཁྲན་ཏང་གིས་ངོ་མ་བྱ་བ་ཡག་མོ་བསྒྲུབ་བྱུང”ཞེས་བཤད།གོང་ཚེས་ཉིན་སྐལ་བཟང་ཆོས་འཕེལ་ནང་བཞིན་དཀར་མཛེས་རྫོང་གི་ཤར་ཕྱོགས་དང་འདན་མ་སོགས་འབྲོག་ཁུལ་ནས་ཡོང་བའི་འབྲོག་དམངས་བརྒྱ་ཚོ་ཁ་ཤས་དུས་ཆེན་གྱི་བཟའ་མཆོར་སྤྲད་དེ་དགའ་སྤྲོ་ཆེན་པོས་དཀར་མཛེས་རྫོང་གི་ཞིང་འབྲོག་ཅུས་ཀྱི་ར་བའི་ནང་ཡོང་ནས་སྤྲ་གུར་བླངས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་དབྱིབས་གསར་ཅན་གྱི་སྦྲ་གུར་གཏོང་སྤྲོད་མཛད་སྒོའི་ནང་ཕེབས་ཤིང་གསུང་བཤད་གནང་བ་རེད།ཁོང་གིས་བསྟན་དོན།ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞི་དང་སྦྲ་གུར་གྱི་འཚོ་བ་གསར་པའི་བྱ་སྤྱོད་ལག་བསྟར་བྱས་པ་དེ་ནི་བོད་ཁུལ་གྱི་འབྲོག་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་སེམས་ལས་གྲྭ་དང་ཆབ་སྲིད་བཟང་པོའི་ལས་གྲྭ་ཞིག་ཡིན་ལ།བོད་ཁུལ་གྱི་བཅོས་བསྒྱུར་འཕེལ་རྒྱས་དང་ཁྱོན་ཡོངས་བརྟན་བརླིང་ཡོང་བའི་རྨང་གཞིའི་ལས་གྲྭ་དང་རེ་བའི་ལས་གྲྭ་ཞིག་ཀྱང་ཡིན་པས།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁས་ལེན་གང་ལེགས་བྱས་ཡོད་ལ་བོད་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་གཏིང་ནས་རྩིས་བཀུར་ཡང་ཐོབ་པས།འབྲོག་དམངས་ཚོར་ཕྱུགས་འབྲོག་བྱེད་རིང་དེང་རབས་ཀྱི་དཔལ་ཡོན་ལྡན་པའི་འཚོ་བ་རོལ་བའི་བྱས་རྗེས་གསར་པ་བཞག་པ་རེད། ཁོང་གིས་ནན་གསུང་གནང་དོན་།དེ་རིང་འབྲོག་དམངས་ཚོའི་འཚོ་བ་དང་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་སུ་བཏང་ཤིང་།ཚང་མར་བདེ་སྐྱིད་བག་འཕེལ་གྱི་ཁྱིམ་གཞིས་ཡོད་པས།དེ་ཐམས་ཅད་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་རོགས་སྐྱོར་བྱས་པ་ཞིག་རེད།ཚང་མས་དུས་ནམ་ཡང་བཀའ་དྲིན་གྱི་བསམ་པ་ཁྱེར་ནས་ཏང་དང་སྲིད་གཞུང་གིས་སྲ་ཞིང་བརྟན་པའི་འགོ་ཁྲིད་བྱས་འོག་དཀའ་སྤྱད་འབད་བརྩོན་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐུན་མོང་དུ་དཀར་མཛེས་བོད་ཁུལ་གྱི་འབྱུང་འགྱུར་བདེ་སྐྱིད་བག་འཕེལ་གྱི་ཁོར་ཡུག་ཞིག་བསྐྲུན་དགོས།སྦྲ་གུར་གཏོང་སྤྲོད་ཀྱི་མཛད་སྒོའི་ཐོག་ལིའུ་ཏའོ་ཕིང་དང་ལི་ཁང་སོགས་འགོ་ཁྲིད་ཀྱིས་དབྱིབས་གསར་ཅན་གྱི་སྦྲ་གུར་འབྲོག་དམངས་ཀྱི་ལག་ནང་སྤྲོད་དུས་དཀར་མཛེས་རྫོང་གི་མང་ཚོགས་ཀྱི་གླུ་ལེན་བྲོ་འཁྲབ་བྱས་ནས་ཏང་དང་སྲིད་གཞུང་གིས་འབྲོག་པའི་གཞིས་ཆགས་བྱ་སྤྱོད་དང་སྦྲ་གུར་གྱི་འཚོ་བ་གསར་པའི་བྱ་སྤྱོད་སྤེལ་ནས་འབྲོག་དམངས་ཚོར་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པར་བཀའ་དྲིན་ཆེ་ཞུས་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན།ཚན་པ་དང་པོའི་དབྱིབས་གསར་ཅན་གྱི་སྦྲ་གུར190དེ་ཚེས8ཉིན་དཀར་མཛེས་རྫོང་དུ་འདྲེན་སླེབས་པ་དང་ཚེས9ཉིན་སྦྲ་གུར190དེ་འབྲོག་དམངས་ཚོའི་ལག་ནང་སྤྲད་པ་རེད༎