ཞིན་ཧྭ་གསར་འགྱུར་དྲ་བ། 2015-09-01
ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་ཚོགས་འདུ་བསྡུས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་དངུལ་ལོར་གནས་བབ་ལ་འགྱུར་ལྡོག་གསར་བ་བྱུང་བ་དེས་རང་རྒྱལ་གྱི་དཔལ་འབྱོར་ལ་ཐེབས་པའི་ཤུགས་རྐྱེན་དང་དེར་ཁ་གཏད་འཇལ་ཐབས་ལ་ཞིབ་འཇུག་བྱས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་འདུར་ཞུགས།
ཚོགས་ཐོག་ནས་དུས་སྐབས་སྔོན་མར་རྒྱལ་སྤྱིའི་དངུལ་ལོར་དང་ཚོང་རྫས་ཚོང་ར་ཆེན་པོ་རྒྱུན་ལྡན་མིན་པར་ཁ་གཏད་འཇལ་ཞིང་གོ་རིམ་རྗེས་མའི་བྱ་བར་བསམ་གཞིགས་བཏང་བ་དང་། རྒྱལ་ནང་གི་དཔལ་འབྱོར་འཁོར་རྒྱུག་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བས་རང་རང་གི་ལྟ་ཚུལ་དང་འཆར་གཞི་བརྗོད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བློ་མཐུན་གྱིས་སྔ་གཞུག་ཏུ་གཏམ་བཤད། ལིས་ཁི་ཆང་གིས་གསུངས་རྒྱུར། དངུལ་ལོར་བརྟན་འཇགས་དེ་དཔལ་འབྱོར་གྱི་ཁྱོན་ཡོངས་ལ་འབྲེལ་བ་ཡོད། ཉེ་བའི་དུས་སྐབས་ཤིག་ལ་མི་དམངས་ཤོག་སྒོར་གྱི་དངུལ་བརྗེ་འཛའ་ཐང་ཡར་ཞུ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་ནི་རྒྱལ་སྤྱིའི་དངུལ་ལོར་ཚོང་རའི་འཕེལ་ཕྱོགས་དང་བསྟུན་པའི་ལུགས་མཐུན་བྱེད་ཐབས་ཡིན། ཡིན་ནའང་མི་དམངས་ཤོག་སྒོར་གྱི་དངུལ་བརྗེ་འཛའ་ཐང་རྒྱུན་མཐུད་སྒོས་མ་འཕར་བའི་རྨང་གཞིའི་སྟེང་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་སྟེང་བརྟན་འཇགས་ཡོང་བ་སྲུང་འཛིན་བྱེད་དགོས། དངུལ་ལོར་སྒྲིག་སྲོལ་བཅོས་སྒྱུར་ལ་མུ་མཐུད་ནས་སྐུལ་འདེད་བཏང་ནས་ཞབས་ཕྱིའི་དངོས་ཕུང་དཔལ་འབྱོར་གྱི་ནུས་པ་ཇེ་ཆེར་གཏོང་དགོས་པ་དང་དངུལ་ལོར་ཚོང་ར་བརྟན་འཇགས་སྒོས་འཁོར་རྒྱུག་བྱེད་པར་སྲུང་སྐྱོབ་བྱེད་དགོས། འབྲེལ་ཡོད་ལམ་ལུགས་མྱུར་དུ་གཏན་འཁེལ་བྱས་ནས་མངོན་གསལ་ཁྱབ་སྒྲོག་དང་ཡུན་རིང་ལ་བརྟན་འཇགས་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བའི་མ་རྩའི་ཚོང་ར་གསོ་སྐྱོང་བྱེད་དགོས། ཉེན་ཁའི་དོ་དམ་འཐུས་ཚང་དུ་བཏང་ནས་མངའ་ཁོངས་རང་བཞིན་དང་ཁོངས་གཏོགས་རང་བཞིན་དུ་ཉེན་ཁ་མི་འབྱུང་བའི་ཚད་མཐའ་གཏན་སྲུང་བྱེད་དགོས་ཟེར།
ལིས་ཁི་ཆང་གིས་གསུངས་རྒྱུར། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་འགན་འཁྲི་དང་ལེན་བྱས་ཏེ་འཕེལ་རྒྱས་དམ་འཛིན་བྱེད་དགོས་པ་དང་། རང་འགུལ་སྒོས་ནུས་ལྡན་བྱེད་ཐབས་འདོན་དགོས་ལ། བློ་ཐག་རྦད་ཆོད་སྒོས་མི་ལེགས་པའི་བྱ་སྤྱོད་ལ་བཅོས་སྐྱོང་དང་ཆད་པ་གཅོད་པ་དང་། བྱ་བའི་མཉམ་ཤུགས་ཆགས་པར་བྱེད་དགོས་ལ། ཕན་འབྲས་ངོ་མ་དམ་འཛིན་བྱས་ནས་ཧུར་ཐག་སྒོས་དཔལ་འབྱོར་ཆུ་ཚད་མཐོ་བའི་ཕྱོགས་སུ་འཕར་བར་སྐུལ་འདེད་གཏོང་དགོས་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10