ཨེ་ཅིབ་ཀྱི་གནས་བབ་ཇེ་སྡུག་ཏུ་སོང་སྟེ་སྤྱི་མཐུན་རྒྱལ་ཁབ་སྲུང་དམག་སྤྱིའི་རུ་ཁག་གི་ཕྱི་རོལ་ནས་རྔམ་སྟོན་པ42བསད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-07-12

ཨེ་ཅིབ་ཀྱི་གནས་བབ་ཇེ་སྡུག་ཏུ་སོང་སྟེ་སྤྱི་མཐུན་རྒྱལ་ཁབ་སྲུང་དམག་སྤྱིའི་རུ་ཁག་གི་ཕྱི་རོལ་ནས་རྔམ་སྟོན་

     སྤྱི་ཟླ7པའི་ཚེས8ཉིན། ཨེ་ཅིབ་རྒྱལ་ཁབ་ཀྱི་ཁའེ་ལོ་ཡི་སྤྱི་མཐུན་རྒྱལ་ཁབ་སྲུང་དམག་སྤྱིའི་རུ་ཁག་ཏུ་འགྲོ་བའི་ལམ་བར་དུ། ཨེ་ཅིབ་ཀྱི་དམངས་བདམས་ཙུང་ཐུང་མུའུ་ཨར་ཞི་ལ་རྒྱབ་སྐྱོར་བྱེད་མཁན་གྱིས་དམག་ཕྱོགས་ལ་ངོ་རྒོལ་བྱེད་བཞིན་པ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་དམག་ཕྱོགས་ཀྱིས་མི་དམངས་ཀྱིས་བདམས་པའི་ཙུང་ཐུང་མུའུ་ཨར་ཞི་སྲིད་སྟེགས་ལས་ཕབ་སྟེ། ཆེས་མཐོ་རྩ་ཁྲིམས་ཁྲིམས་ཁང་གི་མགོ་གཙོ་མན་སུའུ་ཨར་གྱིས་གནས་སྐབས་སུ་ཙུང་ཐུང་གི་འགན་འཁུར་རྗེས། ཨེ་ཅིབ་རྒྱལ་ཁབ་ཀྱི་གནས་བབ་ཇེ་སྡུག་ནས་ཇེ་སྡུག་ཏུ་གྱུར་བ་དང་། མུའུ་ཨར་ཞི་དང་མུའུ་སི་ལིན་སྤུན་ཟླ་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་གྱིས་དམག་ཕྱོགས་ལ་བསྟུད་མར་ངོ་རྒོལ་བྱས། ས་དེའི་སྤྱི་ཟླ7པའི་ཚེས8ཉིན། ཨེ་ཅིབ་དམག་ཕྱོགས་དང་ཉེན་རྟོག་ཕྱོགས་ཀྱིས་མུའུ་ཨར་ཞི་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་མེ་མདས་བརྒྱབ་སྟེ། མི40ལྷག་བསད། ཨེ་ཅིབ་འཕྲོད་བསྟེན་ཁང་གིས་བསྡོམས་བརྩིས་བྱས་པའི་གྲངས་ཀ་ལྟར་ན། འདས་པོ42དང་རྨས་མ322ཡོད་ཟེར།

  གསར་འགྱུར་ལས་ཁུངས་ཀྱིས་གནས་ཚུལ་མཐོང་མཁན་གྱི་སྐད་ཆ་དྲངས་པ་ལྟར་ན། སྤྱི་ཟླ7པའི་ཚེས8ཉིན་གྱི་ཞོགས་པར། མུའུ་ཨར་ཞི་ལ་རྒྱབ་སྐྱོར་བྱེད་མཁན་གྱིས་སྤྱི་མཐུན་རྒྱལ་ཁབ་སྲུང་དམག་སྤྱིའི་རུ་ཁག་གི་ཕྱི་རོལ་ནས་གསོལ་འདེབས་ཀྱི་ཆོ་ག་སྤེལ་རྗེས་ངལ་ཅུང་ཙམ་གསོ་སྐབས། ཨེ་ཅིབ་ཀྱི་དམག་ཕྱོགས་དང་ཉེན་རྟོག་ཕྱོགས་ཀྱིས་ཁོ་ཚོར་མེ་མདས་བརྒྱབ་སོང་ཟེར། གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། མུའུ་ཨར་ཞི་ད་ལྟ་སྤྱི་མཐུན་རྒྱལ་ཁབ་སྲུང་དམག་སྤྱིའི་རུ་ཁག་ཏུ་བཀག་འཇུག་བྱས་ཡོད་ཟེར།

  ཡིན་ནའང་ཨེ་ཅིབ་དམག་ཕྱོགས་ཀྱིས་བཤད་རྒྱུར། ལག་ཏུ་མཚོན་ཆ་བཟུང་བའི་འཇིགས་སྐུལ་རིང་ལུགས་པ་སྐོར་ཞིག་གིས་འཇབ་རྒོལ་བྱས་པས། ཁོ་ཚོས་མེ་མདས་མི་རྒྱག་ཀ་མེད་བྱུང་ཟེར། ཨེ་ཅིབ་ནང་སྲིད་པུའུ་ཡིས་གསལ་བསྒྲགས་སྤེལ་ནས། བདེ་འཇགས་དམག་དཔུང་གི་ཁོངས་མི་གཉིས་ལ་མེ་མདའ་ཕོག་ནས་རྐྱེན་ལམ་དུ་ཤོར་ཞེས་བཤད།

  ཨ་མེ་རི་ཁའི་གསར་འགྱུར་ལས་ཁུངས་གྲགས་ཅན་ཞིག་གི་གསར་འགོད་པ་ཕན་ཧོ་ཨར་གྱིས་དོན་རྐྱེན་བྱུང་ས་དང་ཐག་མི་རིང་བའི་སྨན་ཁང་ཞིག་ནས། ལུས་ལ་མེ་མདའ་མང་བོ་ཕོག་པའི་བེམ་པོ8རིག་པ་དང་། བེམ་པོ་དེ་དག་གི་སྟེང་དུ་ཨེ་ཅིབ་ཀྱི་རྒྱལ་དར་བཀབ་ཡོད། དེས་མི་ཚད་སྨན་ཁང་དེ་རུ་རྨས་མ40ལྷག་བསྐྱལ་ཡོད་ལ། སྨན་པས་རྨས་མ་ལ་བདག་སྐྱོང་དང་གཤགས་བཅོས་བྱེད་བཞིན་ཡོད། རྨས་མ་ལྗིད་མོ་ཁ་ཤས་ད་དུང་སྨན་བཅོས་ལས་ཁུངས་གཞན་པར་བསྐྱལ་སོང་ཟེར།

  གནས་བབ་སྔར་ལས་ཇེ་སྡུག་ཏུ་མི་འགྲོ་བའི་ཆེད་དུ། ཨེ་ཅིབ་ཀྱི་ཞིབ་དཔྱོད་ལས་ཁུངས་ཕྱོགས་ཀྱིས་བཀའ་བབས་ནས། མུའུ་སི་ལིན་སྤུན་ཟླ་ཚོགས་པའི་ཁའེ་ལོ་ན་ཡོད་པའི་སྤྱིའི་ལས་ཁུངས་ཀྱི་སྒོ་བརྒྱབ།

  ཨེ་ཅིབ་ཀྱི་ཐལ་སྐྱོད་བག་འཁུམ་སྲིད་ཏང་ནུའུ་ཨར་ཏང་ཞེས་པས་སྔོན་ཆད་དམག་ཕྱོགས་ཀྱིས་མུའུ་ཨར་ཞི་སྲིད་དབང་རྩ་རྫོགས་བྱས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ནའང་། དམག་ཕྱོགས་ཀྱིས་བཟོས་པའི་དྲག་ཤུགས་བྱ་སྤྱོད་དེ་མཐོང་ནས། ནུའུ་ཨར་ཏང་གིས་གནས་སྐབས་སྲིད་གཞུང་འཛུགས་པའི་གྲོས་མོལ་ལས་ཕྱིར་འབུད་རྒྱུའི་ཐག་བཅད། ནུའུ་ཨར་ཏང་གི་མགྲིན་ཚབ་པ་པཱ་ཁ་ཨར་གྱིས་དམར་གསོད་ཆེན་མོ་དེའི་ཐད་ནས་ང་ཚོ་ཁ་རོག་གེར་འདུག་མི་སྲིད་ཅེས་བཤད།

  ཨེ་ཅིབ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱི་གནས་སྐབས་ཙུང་ཐུང་མན་སུའུ་ཨར་གྱིས་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ཏེ་སྤྱི་མཐུན་རྒྱལ་ཁབ་སྲུང་དམག་སྤྱིའི་རུ་ཁག་གི་ཕྱི་རོལ་ནས་བྱུང་བའི་དྲག་ཤུགས་དོན་རྐྱེན་དེར་རྟོག་ཞིབ་བྱེད་དགོས་པའི་བཀའ་བབས་ཟེར།  །

  • ལེ་ཚན་སྔོན་མ།:མཚོ་བྱང་རྐང་ཚ་རྫོང་དུ་གནས་སྐོར་ངལ་གསོའི་སྦྲ་གུར་གསར་སྐྲུན་འགྲན་བསྡུར་སྤེལ་བ།
  • ལེ་ཚན་རྗེས་མ།:རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་གསུམ་པ་སོག་ཡུལ་དུ་ཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།