ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་སྒྲོག་སྤེལ་བྱས་པར་གཞིགས་ན། འཛམ་གླིང་དཔལ་འབྱོར་མཉམ་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་འཛམ་གླིང་དུ་ཆེས་བདེ་སྐྱིད་ཀྱི་ཚོར་སྣང་ཡོད་པའི་རྒྱལ་ཁབ་བཅུ་དཔྱད་འདེམས་བྱས་ཡོད། དཔྱད་འདེམས་བྱས་པའི་ནང་དོན་ལ་སྡོད་དམངས་ཀྱི་ཡོང་འབབ་དང་སྡོད་ཁང་། གུང་གསེང་སོགས་མང་པོ་ཚུད་ཡོད་ཅིང་། དེའི་དམིགས་ཡུལ་ནི་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་དངོས་པོ་དང་བསམ་པའི་དཔལ་ཡོན་གྱི་འཚོ་བར་ཡི་རངས་བྱེད་ཚད་ཤེས་ཆེད་རེད།
ཨང་དང་པོ། ཨོ་སི་ཁྲུ་ལི་ཡ།
ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་གྱི་རྨང་གཞི་སྟོབས་ཆེ་བ་དང་སློབ་གསོའི་སྤུས་ཀ་གཟེངས་སུ་ཐོན་པ། མི་སྒེར་ལ་རང་དབང་གང་ལེགས་ཡོད་པ། སྤྱི་ཚོགས་ཀྱི་མཐུན་སྒྲིལ་དམ་ཟབ་བཅས་ཡོད། རྒྱུ་ཆ་ཕྱིར་གཏོང་བྱེད་པའི་སྐུལ་འདེད་འོག་ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་སྟོབས་དང་ལྡན་པ་མཚོན་པར་མ་ཟད་རྒྱལ་ཁབ་དེར་ལས་ལམ་གསར་འབྱེད་བྱེད་ས་བཟང་པོ་ཞིག་ཀྱང་ཡོད་པས་ཕྱོགས་བཞི་མཚམས་བརྒྱད་ཀྱི་འབྲེལ་དྲྭ་དང་རིན་གོང་དམའ་བའི་ལས་ལམ་གསར་འབྱེད་བྱེད་པའི་མ་རྩ་བཅས་ཡོད་ལ་མི་དམངས་རྣམས་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་ལ་ཡིད་ཆེས་བརྟན་པོ་བཅངས་ཡོད།
ཨང་གཉིས་པ། སུའེ་ཏེན།
སུའེ་ཏེན་ནི་འཛམ་གླིང་དཔལ་འབྱོར་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་གཏོགས་པ་དང་། གླ་ཕོགས་མཐོ་བ། ཁྲལ་བསྡུ་མཐོ་བ། ཕན་བདེ་མཐོ་བ་བཅས་ཀྱི་སྙན་གྲགས་ཡོད་པ་རེད། སྤྱི་ཚོགས་རང་མོས་རིང་ལུགས་ཀྱི་འདོད་ཕྱོགས་ཡོད་པ་དང་གང་ཐུབ་ཅི་ཐུབ་ཀྱིས་འདྲ་མཉམ་དོན་གཉེར་བྱེད་པའི་དེང་རབས་ཅན་གྱི་ཕན་བདེའི་སྤྱི་ཚོགས་ཤིག་ཏུ་བརྩིས་པ་རེད། མི་འབོར་བསྡུར་ཚད་ལ་གཞིགས་ནས་བརྩིས་ན། སུའེ་ཏེན་ནི་འཛམ་གླིང་ཐོག་རྒྱལ་ཁོངས་ལས་བརྒལ་བའི་སྤྱི་གཉེར་ཁང་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན། དུས་རབས20པའི་སྐབས་སུ་སུའེ་ཏེན་ནི་ཕན་བདེའི་རྒྱལ་ཁབ་ཅིག་ཆགས་ཡོད། ཅུང་འཐུས་སྒོ་ཚང་བའི་སྤྱི་ཚོགས་ཀྱི་ཕན་བདེའི་ལམ་ལུགས་ཤིག་བཙུགས་ཡོད།
ཨང་གསུམ་པ། ཁ་ན་ཏ།
ཁ་ན་ཏའི་དཔལ་འབྱོར་དར་རྒྱས་ཀྱི་ཚད་མཐོན་པོ་ཡིན་ཞིང་། དེ་ནི་འཛམ་གླིང་གི་དཔལ་འབྱོར་གྱི་དངོས་ཚན་ཆེན་པོའི་གྲས་ཨང་བརྒྱད་པར་གནས་ཤིང་། འཛམ་གླིང་ཐོག་གི་འཚོ་བའི་ཆུ་ཚད་མཐོ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ལ། རྒྱལ་དམངས་ཀྱི་འཚོ་བའི་སྤུས་ཚད་ཧ་ཅང་མཐོན་པོ་ཡོད་པས་གོ་ལ་ཧྲིལ་པོའི་ཆེས་ཕྱུག་པོ་དང་དཔལ་འབྱོར་དར་རྒྱས་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཀྱང་ཡིན། ཁ་ན་ཏའི་སྤྱི་ཚོགས་ཉེན་འགོག་མ་ལག་རྒྱ་ཁྱབ་ཏུ་ཁྱབ་ཡོད་པ་དང་། དེའི་ནང་ལས་ཤོར་ཉེན་འགོག་དང་ལས་ཤོར་རྒུད་སྐྱོབ། སྨན་བཅོས་ཉེན་འགོག རྒན་གསོའི་འཚོ་དངུལ། ཁྱིམ་ཚང་གི་ཁ་གསབ་རོགས་དངུལ་དང་དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་སོགས་ནང་དོན་མང་པོ་ཚུད་ཡོད། རྒྱལ་ཕྲན་མཉམ་འབྲེལ་དང་ཞིང་ཆེན། གྲོང་ཁྱེར་བཅས་ལ་རིམ་པ3གྱི་སྲིད་གཞུང་གིས་རིགས་བགོས་ནས་འགན་ཁུར་བ་དང་དོ་དམ་བྱས་པ་རེད། མི་སྒེར་གྱི་རང་དབང་གང་ལེགས་ལོངས་སུ་སྤྱད་རྒྱུ་ཡོད་པ་དང་གནས་སྤོ་ཡུལ་མིར་དགའ་བསུ་ཆེན་པོ་ཐོབ་པ་རེད།
ཨང་བཞི་པ། ནོར་ཝེ།
ལོ་འཁོར་ལ་མི་རེའི་ཆ་སྙོམསGDPཨ་སྒོར་དུང་ཕྱུར་ཁྲི5.3ལ་ཟིན་པས་འཛམ་གླིང་གི་ཆུ་ཚད་ཆེས་མཐོ་ཤོས་ཡིན། སྨན་བཅོས་ལ་འགྲོ་སོང་གཏོང་ཚད་འཛམ་གླིང་གི་ཨང་གཉིས་པར་བསླེབས། ནོར་ཝེའི་མི་བརྒྱ་ཆ74ཡིས་གཞན་ལ་ཡིད་ཆེས་ཆོག་པར་བཤད་ཅིང་། དེའི་བསྡུར་ཚད་ནི་རྒྱལ་ཁབ་ཁག་ལས་ཆེས་མཐོ་བ་རེད། བརྒྱ་ཆ94ཡི་རང་ཉིད་འཚོ་གནས་བྱེད་པའི་ཁོར་ཡུག་ལ་བློ་ཡིད་ཚིམ་པ་དང་ལས་དོན་ལ་འབད་འབུངས་བྱས་ན་མི་རང་ཉིད་འཕེལ་རྒྱས་མངོན་འགྱུར་ཐུབ་སྙམ་པའི་བསྡུར་ཚད་དེ་བརྒྱ་ཆ93ལ་ཟིན། སྣུམ་རླངས་ཐོན་ཁུངས་འབོར་ཆེན་ཡོད་པས་ནོར་ཝེ་རྒྱལ་ཁབ་དེ་འཛམ་གླིང་ཐོག་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཏུ་འགྱུར་བར་རམ་འདེགས་བྱས་པ་རེད།
ཨང་ལྔ་པ། སུའེ་ཙེར།
སྲིད་གཞུང་གི་སྒྲིག་གཞི་བར་ཕན་ཚུན་ཚོད་འཛིན་དང་དོ་སྙོམས་བྱས་པའི་དབང་གིས་རུལ་སུངས་ཀྱི་སྣང་ཚུལ་མཐོང་རྒྱུ་ཧ་ཅང་དཀོན་ཐོག་སློབ་གསོའི་གོ་སྐབས་ཤིན་ཏུ་བཟང་བར་བརྟེན། སུའེ་ཙེར་གྱི་མིས་སྲིད་གཞུང་ལ་ཡིད་ཆེས་ཆེན་པོ་བཅངས་ཡོད། དངུལ་རྩའི་ལས་ཁུངས་དར་རྒྱས་ཆེ་བར་མ་ཟད་ཡིད་ཆེས་བྱེད་ཆོག་པ་དང་མི་ལེགས་པའི་དངུལ་བུན་བསྡུར་ཚད་ཆེས་དམའ་བས་བརྒྱ་ཆ0.5མ་གཏོགས་ཟིན་མེད།
ཨང་དྲུག་པ། ཨ་མེ་རི་ཁ།
གསོན་ཤུགས་ལྡན་པ་དང་སྣ་མང་རང་བཞིན། སྒོ་འབྱེད། ཉེན་མཆོང་གི་སྙིང་སྟོབས། གསར་སྐྲུན་བཅས་ཡོད་པའི་དབང་གིས་ད་གཟོད་ཨ་མེ་རི་ཁར་གྲུབ་འབྲས་ཐོབ་ཅིང་། ཨ་རིའི་སྤྱི་ཚོགས་ཀྱི་བདེ་འཇགས་དང་ཕན་བདེའི་ལམ་ལུགས་འཐུས་ཚང་ཡིན་ཞིང་སྨན་བཅོས་བྱེད་པའི་ཆ་རྐྱེན་སྤྱིའི་ཆ་ནས་ཆུ་ཚད་མཐོ་བ་དང་སྒྲིག་ཆས་ཆ་ཚང་ཞིང་། བརྒྱ་ཆ90ཡི་ཨ་མེ་རི་ཁའི་མིས་རང་ཉིད་ཀྱི་བདེ་ཐང་ལ་བློ་ཡིད་ཚིམ་པ་དང་ཨ་རིའི་སྲིད་གཞུང་གིས་མི་རེའི་ཆ་སྙོམས་སྨན་བཅོས་ལ་གཏོང་བའི་འགྲོ་སོང་འཛམ་གླིང་དུ་ཆེས་ཆེ་བར་གྱུར།
ཨང་བདུན་པ། ཏེན་མག
འཛམ་གླིང་གི་ལས་ལམ་གསར་འབྱེད་ཀྱི་མ་རྩ་ཆེས་དམའ་ཤོས་དང་སློབ་གསོའི་ཆུ་ཚད་ཆེས་ཡག་པ། མི་སྒེར་གྱི་རང་དབང་གང་ལེགས་ཡོད་པ། ཏེན་མག་གི་མིས་རང་ཉིད་ཀྱི་སྲིད་གཞུང་ལ་ཡིད་ཆེས་བརྟན་པོ་བཅངས་ཡོད་པར་མ་ཟད། མི་དང་མིའི་བར་ཡིད་ཆེས་ཡོད་པས་འཛམ་གླིང་ཐོག་འཚོ་བའི་ཆུ་ཚད་ཆེས་མཐོ་བའི་རྒྱལ་ཁབ་ཅིག་ཡིན།
ཨང་བརྒྱད་པ། ཧོ་ལན།
ཧོ་ལན་ལ་དར་རྒྱས་དང་སྒོ་འབྱེད་ཀྱི་དཔལ་འབྱོར་ལྡན་པ་དང་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་ཅུང་འཐུས་སྒོ་ཚང་བ་ཡིན། སྡོད་དམངས་ཀྱི་ཕན་བདེའི་ཆུ་ཚད་ཅུང་མཐོ་བས་དབུལ་ཕྱུག་གི་ཁྱད་པར་མངོན་གསལ་དོད་པོ་མིན་པ་རེད། ཧོ་ལན་དུ་མི་སྒེར་ལ་རང་དབང་ཆེས་ཆེར་ལྡན་ཞིང་། བརྒྱ་ཆ88ཀྱི་མིས་འཚོ་བའི་བགྲོད་ལམ་ལ་རང་མོས་ཀྱིས་གདམ་ག་རྒྱག་ཆོག་པར་བློ་ཡིད་ཚིམ་པོ་ཡོད། ཧོ་ལན་གྱི་མིས་རང་ཉིད་ཀྱི་སྤུན་ཟླ་དང་སྲིད་གཞུང་ལ་ཡིད་ཆེས་བརྟན་པོ་བཅངས་ཡོད་པ་རེད།
ཨང་དགུ་པ། འཁྱགས་གླིང་།
དངུལ་རྩའི་ཉམས་ཉེན་གྱིས་འཁྱགས་གླིང་གི་རྒྱལ་ཁབ་དེ་ཧ་ལམ་འཐོར་ཞིག་ཏུ་སོང་རུང་། ཡ་མཚན་ཅན་གྱི་འཁྱགས་གླིང་དེ་འཛམ་གླིང་དུ་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཏུ་སྔར་བཞིན་གྱུར་ཡོད་ཅིང་། དོན་དངོས་ཐོག་དེ་འདྲ་ཡིན་ཏེ། འཁྱགས་གླིང་ནི་ཕན་བདེ་མཐོ་བ་དང་གླ་ཕོགས་མཐོ་བ། ཁྲལ་བསྡུ་མཐོ་བ་བཅས་ཀྱི་རྒྱལ་ཁབ་ཅིག་ཡིན། འཁྱགས་གླིང་ལ་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་མེད་པ་དང་ཉེས་འགལ་བྱེད་ཚད་ཧ་ལམ་མེད་ཅེས་བརྗོད་ཆོག་པ་རེད།
ཨང་བཅུ་པ། དབྱིན་ཇི།
དཔལ་འབྱོར་ཉམས་ཉེན་གྱི་ཁྲོད། དབྱིན་ཇིའི་མིའི་བདེ་སྐྱིད་ཀྱི་ཚོར་བར་ཤུགས་རྐྱེན་ཆེན་པོ་ཐེབས་མེད་ཅིང་། ཡོང་འབབ་ཆག་པ་དང་ལས་ཤོར་གྱི་ཉེན་ཁ་སོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་འགལ་རྐྱེན་བྱེད་ཐབས་བྲལ་བ་རེད། དེའང་ཟུར་ཞིག་གཞན་ཞིག་ནས་མིའི་བདེ་སྐྱིད་དང་དཔལ་འབྱོར་གྱི་གནས་ཚུལ་ལ་འབྲེལ་བ་ཆེན་པོ་མེད་པ་མཚོན་ཡོད་པ་འདྲ།།