2017-08-15
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་པཱ་ལཱའི་ནང་སྲིད་པུའུ་ཡིས་བསྒྲགས་པ་ལྟར་ན། ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོའི་བར། ཆར་བ་དྲག་པོ་བབས་པ་ལས་བྱུང་བའི་ཆུ་ལོག་གི་གནོད་འཚེ་ལས་ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་དྲུག་གར་སོང་རྙེད་མེད་ལ། མི་ཉི་ཤུར་རྨས་ཕོག་ཡོད། ཁྱིམ་ཚང་སྟོང་ཕྲག་འགའ་ལ་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད་ཟེར།
ནང་སྲིད་པུའུ་ཡིས་བསྒྲགས་པ་ལྟར་ན། གནོད་འཚེ་ཚབས་ཆེན་བྱུང་ས་ནི་མའོ་ལིང་དང་ལའོ་ཐཱ་ཧཱ་སོགས་ས་བབ་ཅུང་དམའ་བའི་ས་ཁུལ་བརྒྱད་ཡིན་པ་དང་། གཙང་ཆུ་མང་བོ་རྒྱས་ནས་ཉེ་འདབས་ཀྱི་སྡོད་དམངས་ཀྱི་བདེ་འཇགས་ལ་འཇིགས་ཉེན་ཚབས་ཆེན་བཟོ་བཞིན་ཡོད་ཟེར།
ནེ་པཱ་ལཱའི་སྲིད་གཞུང་གིས་ཉེན་རྟོག་པ་དང་དམག་དཔུང་དག་གནོད་ཐེབས་ས་ཁུལ་དུ་རྒུད་སྐྱོབ་བྱེད་པར་མངགས་ཡོད། ས་ཁུལ་མང་བོའི་གཞུང་ལམ་དང་ཟམ་པ་ཆུས་ཁུར་བས་རྒུད་སྐྱོབ་བྱ་བར་དཀའ་ཁག་ཆེན་པོ་བཟོས་ཡོད། ས་ཁུལ་རེ་འགའི་ནམ་ཟླ་ཧ་ཅང་མི་ལེགས་པས་གྱེན་འཕུར་གནམ་གྲུ་རྒུད་སྐྱོབ་འགུལ་སྐྱོད་ཁྲོད་ཞུགས་ཐབས་མེད་པ་རེད།
ནེ་པཱ་ལཱའི་གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་ཚོད་དཔག་བྱས་པ་ལྟར་ན། མ་འོངས་པའི་ཉིན་འགའི་ནང་མུ་མཐུད་དུ་ཆར་བ་དྲག་པོ་འབབ་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10