2017-07-04
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ7པའི་ཚེས1ཉིན་གློག་འཕྲིན་འབྱོར་གསལ། ཚེས1ཉིན་གྱི་སྔ་དྲོ་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ20འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་ཞང་ཀང་ཚོགས་འགྲེམས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཀྲུང་གོའི་རླབས་ཆེན་གྱི་གསར་གཏོད་ཅིག་དང་། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གནད་དོན་དེ་རིགས་ཐག་གཅོད་བྱ་རྒྱུར་མཁོ་འདོན་བྱས་པའི་བསམ་ཕྱོགས་གསར་པ་དང་ཇུས་གཞི་གསར་པ་ཞིག ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་ཕུལ་བ་ཞིག་ཡིན་པར་མ་ཟད། རྒྱ་མཚོ་ཆུ་ཕྲན་འདུས་པ་དང་མདའ་ཤོང་མདུང་ཤོང་གི་ཀྲུང་གོའི་བློ་གྲོས་གཅིག་ཏུ་འདུས་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་མཐའ་འཁྱོངས་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་སྐུལ་འདེད་གཏིང་ཟབ་གཏང་རྒྱུ་དེ་ཞང་ཀང་གི་ཡུལ་མིའི་ཁེ་ཕན་དང་། ཞང་ཀང་གྲ་རྒྱས་བརྟན་ལྷིང་གི་དངོས་ཡོད་ཀྱི་དགོས་མཁོ། རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་། རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་གི་འདུན་པ་དང་མཐུན་ཡོད། ཀྲུང་དབྱང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ལག་བསྟར་བྱེད་པའི་ཐད་ཕྱོགས་གཉིས་མཐའ་འཁྱོངས་བྱས་པ་སྟེ་གཅིག་ནི་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་འགྱུར་ལྡོག་མི་གཏོང་བ་དང་གཡོ་འགུལ་མི་གཏོང་བ་དང་། གཉིས་ནི་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞང་ཀང་དུ་ལག་ལེན་བསྟར་རྒྱུ་ཕྱི་ཚུལ་ཙམ་དུ་མི་འགྲོ་བ་དང་རྣམ་པ་མི་འགྱུར་བའི་འགན་ལེན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱུང་ཡོད་ཅེས་ནན་བཤད་གནང་བ་རེད།
ཚོགས་རའི་ནང་གཟབ་རྒྱས་དང་སྤྲོ་སེམས་ཀྱི་རྣམ་པས་ཁེངས་ཤིང་། ཚོགས་རའི་ནང་མཐོན་པོར་བཀལ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་དེ་བས་བཀྲག་མདངས་ལྡན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་ལྔ་པའི་སྲིད་འཛིན་དཔོན་པོ་ལིན་ཀྲེང་གཡོད་ཨེ་དང་སྐུ་ཟླ་ལིན་ཀྲའོ་པོ་ཡི་ཕེབས་རོགས་འོག་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ཚོགས་རར་ཕེབས་སྐབས་དེར་བཞུགས་པའི་མི་རྣམས་ཡར་ལངས་ནས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད།
སྔ་དྲོའི་ཆུ་ཚོད་དགུ་པར་རྟེན་འབྲེལ་ཚོགས་ཆེན་དང་འགན་བཞེས་མཛད་སྒོ་འགོ་ཚུགས་ཤིང་། ཚང་མ་ཡར་ལངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ་བ་རེད།
ཞི་ཅིན་ཕིང་ཀྲུའུ་ཞི་སྡིངས་ཆའི་དམ་འཇོག་ལྟ་ཞིབ་སྡིངས་ཆའི་ཐོག་ཕེབས་པ་རེད། ལིན་ཀྲེན་གཡོད་ཨེ་ཡིས་དང་ཐོག་དམ་འཇོག་འགན་བཞེས་གནང་བ་དང་ཁོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་ལ་ཞལ་གཏད་ནས་ཕྱག་གཡས་པ་བཀྱགས་ཏེ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་བརྗིད་ཉམས་ཆེན་པོས་དམ་བཅའ་བཞག་པ་རེད། དམ་འཇོག་གྲུབ་རྗེས་ཞི་ཅིན་ཕིང་གིས་ལིན་ཀྲེང་གཡོད་ཨེ་ལ་ཕྱག་གཏོང་གནང་བ་རེད།
དེའི་རྗེས་ཞི་ཅིན་ཕིང་གི་དམ་འཇོག་ལྟ་ཞིབ་འོག་ལིན་ཀྲེང་གཡོད་ཨེ་ཡིས་སྣེ་འཁྲིད་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་ལྔ་པའི་སྲིད་གཞུང་གི་དཔོན་རིགས་གཙོ་བོས་དམ་འཇོག་འགན་བཞེས་གནང་བ་རེད། དམ་བཅའ་བཞག་རྗེས་ཞི་ཅིན་ཕིང་གིས་ཁོང་ཚོ་རེ་རེ་བཞིན་ཕྱག་གཏོང་གནང་ནས་གུས་ལན་ཞུས་པ་རེད། དེའི་རྗེས་ལིན་ཀྲེང་གཡོད་ཨེ་ཡི་དམ་འཇོག་ལྟ་ཞིབ་འོག་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚོགས་མི་ཚོས་དམ་འཇོག་འགན་བཞེས་གནང་བ་རེད། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཞང་ཀང་གི་ལས་དབང་མེས་རྒྱལ་དང་གཅིག་ཏུ་དམ་ཟབ་སྦྲེལ་ཡོད། ཉེ་རབས་རྗེས་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་རུལ་སུངས་དང་རྒྱལ་སྟོབས་ཉམས་ཞན་དུ་སོང་བས་ཀྲུང་ཧྭ་མི་རིགས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུངས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་དཀའ་སྤྱད་ཚད་མེད་ཀྱི་འབད་འཐབ་བྱས་པར་བརྒྱུད་མི་རིགས་རང་བཙན་དང་བཅིངས་འགྲོལ་ཐོབ་པ་དང་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྲུང་གོ་མི་དམངས་གཞི་ནས་ལངས་ཐུབ་པ་དང་འབྲེལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འོད་ཟེར་ལྡན་པའི་ལམ་བུ་འཚོལ་ཞིབ་བྱས་ཏེ་བཏོད་ཡོད། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་ཀྱི་ཆ་རྐྱེན་དང་དུས་རབས་ཀྱི་གནས་བབ་འོག་སྐུ་ཞབས་ཏེང་ཞའོ་ཕིང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རླབས་ཆེན་དགོངས་པ་བཏོན་པ་དང་འབྲེལ་དེ་ཉིད་ཁྲིད་སྟོན་དུ་བྱས་ཏེ་དབྱིན་ཇི་དང་ཕྱི་འབྲེལ་གྲོས་མོལ་བྱས་པར་བརྒྱུད་ལོ་རྒྱུས་ཐོག་ལུས་པའི་ཞང་ཀང་གི་གནད་དོན་བདེ་བླག་ངང་ཐག་གཅོད་ཐུབ་ཡོད། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་མི་རིགས་ཀྱི་ལོ་བརྒྱའི་མཚན་ཤས་མེད་པ་བཟོས་པ་དང་མེས་རྒྱལ་ཡོངས་སུ་གཅིག་གྱུར་བྱེད་པའི་གོམ་སྟབས་གལ་ཆེན་སྤོ་ཐུབ་ཡོད། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་པ་དེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་དུ་ནམ་ཡང་གནས་པའི་བྱས་རྗེས་ཆེན་པོ་ཞིག་ཡིན་པ་དང་དུས་དེ་ནས་བཟུང་ཞང་ཀང་མེས་རྒྱལ་དང་མཉམ་དུ་འཕེལ་རྒྱས་དང་ནམ་ཡང་ཁ་འབྲལ་ཐབས་མེད་པའི་ཡངས་པའི་འགྲོ་ལམ་དུ་བསྐྱོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ལོ20ཡི་རིང་ལ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞང་ཀང་དུ་ལག་ལེན་བསྟར་བར་འཇིག་རྟེན་སྐྱེ་བོ་ཀུན་གྱིས་ཁས་ལེན་པའི་གྲུབ་འབྲས་ཐོབ་པ་དང་མེས་རྒྱལ་གྱི་པང་དུ་ལོག་པའི་ཞང་ཀང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཡངས་ཤིང་བརྗིད་ཆགས་པའི་རྒྱང་སྐྱོད་ལམ་དུ་མཉམ་དུ་བསྐྱོད་དེ་མུ་མཐུད་ནས་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་བྱས་ཡོད། སྔར་བྱུང་མྱོང་མེད་པའི་གསར་གཏོད་རང་བཞིན་གྱི་བྱ་གཞག་གི་ངོས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་ཁྲོད་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་དགོས་ཀྱི་ཡོད། དེང་སྐབས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞང་ཀང་དུ་ལག་ལེན་བསྟར་བར་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཁ་ཤས་འཕྲད་ཡོད། གནད་དོན་དེ་དག་ཐག་གཅོད་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྒུག་བྱེད་པའི་ཞང་ཀང་གི་ཡུལ་མིའི་འདུན་པ་བསྐངས་ནས་མུ་མཐུད་ནས་ཞང་ཀང་གི་བྱ་གཞག་ཁག་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་མཐར་གཏུགས་ནས་བཤད་ན་ཁ་ཕྱོགས་བརྟན་སྲུང་དང་གོམ་པ་བརྟན་པོ་སྤོས་ཏེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ལ་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་གོ་བ་ལེན་པ་དང་ལག་བསྟར་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས་སླད་ཕྱིན་ཞང་ཀང་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དེ་བས་ལེགས་པའི་སྒོ་ནས་དོན་འཁྱོལ་བྱེད་པའི་ཐད་དགོངས་འཆར་ཁག་བཞི་བཏོན་གནང་བ་སྟེ། གཅིག་ནི“རྒྱལ་ཁབ་གཅིག”དང“ལམ་ལུགས་གཉིས”ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཚོད་འཛིན་ཡང་དག་པ་བྱ་དགོས། ངེས་པར་དུ“རྒྱལ་ཁབ་གཅིག”གི་འདུ་ཤེས་བརྟན་པོ་འཆང་བ་དང“རྒྱལ་ཁབ་གཅིག”གི་རྩ་དོན་བརྟན་པོ་བསྲུངས་ནས་དམིགས་བསལ་སྲིད་འཛིན་ཁུལ་དང་ཀྲུང་དབྱང་གི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱ་དགོས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ལ་གནོད་འཚེ་བཟོ་བ་དང་། ཀྲུང་དབྱང་གི་དབང་ཆ་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་འགྲན་སློང་བྱེད་པ། ཞང་ཀང་སྤྱད་ནས་ནང་ལོག་ས་ཁུལ་དུ་སིམ་འཛུལ་གཏོར་བཤིག་གཏོང་བ་བཅས་ཀྱི་བྱེད་སྤྱོད་གང་རུང་སྤེལ་ཚེ་ཚང་མ་མཐའ་ཚད་ལ་ཕོག་ཐུག་བཏང་བ་ཞིག་ཡིན་པ་དང་ཚང་མ་གཏན་ནས་བྱ་མི་རུང་བ་ཞིག་རེད། “རྒྱལ་ཁབ་གཅིག”གི་རྩ་དོན་མཐའ་འཁྱོངས་དང“ལམ་ལུགས་གཉིས”ཀྱི་ཧེ་བག་ལ་བརྩི་འཇོག་ཞུ་བ་དང་། ཀྲུང་དབྱང་གི་དབང་ཆར་སྲུང་སྐྱོང་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆ་འགན་ལེན་བྱེད་པ། མེས་རྒྱལ་ནང་ལོག་ས་ཁུལ་གྱི་འགྱུར་མེད་སྟོབས་ལྡན་གྱི་རྒྱབ་རྟེན་ནུས་པ་འདོན་སྤེལ་བྱེད་པ་བཅས་དང་ཞང་ཀང་རང་ངོས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་ཟུང་འབྲེལ་ཡག་པོ་བྱས་ནས་དུས་གང་རུང་དུའང་ཕྱོགས་གཅིག་ལས་མི་འཛིན་པ་བྱ་མི་རུང་། གཉིས་ནི་ཐོག་མཐའ་བར་གསུམ་དུ་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་བྱ་བ་བསྒྲུབ་དགོས། ཀྲུང་དབྱང་གིས་ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་བྱེད་པོའི་འགན་འཁྲི་ལག་བསྟར་ཟུང་འབྲེལ་ཡག་པོ་བྱེད་པ་དང་། གཞི་རྩའི་བཅའ་ཁྲིམས་ལག་བསྟར་དང་འབྲེལ་བ་ཡོད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞང་ཀང་གི་སྤྱི་ཚོགས་དང་ལྷག་པར་དུ་གཞུང་ལས་མི་སྣ་དང་གཞོན་ནུ་ལོ་ཆུང་གི་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱག་དགོས། གསུམ་ནི་ཐོག་མཐའ་བར་གསུམ་དུ་ལས་འགན་གལ་ཆེན་ཨང་དང་པོ་ཡིན་པའི་འཕེལ་རྒྱས་གཏང་དགོས། འཕེལ་རྒྱས་ནི་ཞང་ཀང་གི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་གསེར་གྱི་ལྡེ་མིག་ལྟ་བུ་རེད། ཞང་ཀང་གིས་མེས་རྒྱལ་ལ་བརྟེན་པ་དང་འཛམ་གླིང་ལ་ཁ་ཕྱོགས་པས་ཕན་ཡོད་ཀྱི་འཕེལ་རྒྱས་ཆ་རྐྱེན་དང་ཐུན་མོང་མ་ཡིན་པའི་འགྲན་སློང་ལེགས་ཆ་དུ་མ་ལྡན་ཡོད། ལྷག་པར་དུ་ལོ་དེ་དག་རིང་རྒྱལ་ཁབ་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས་སོང་བ་དེས་ཞང་ཀང་གི་འཕེལ་རྒྱས་ལ་ཐོབ་དཀའ་བའི་གོ་སྐབས་དང་། རྫོགས་མེད་ཀྱི་སྒུལ་ཤུགས། ཡངས་པའི་བར་མཐོངས་བཅས་མཁོ་འདོན་བྱས་ཡོད། ཚང་མས་ངེས་པར་དུ་གོ་སྐབས་ལ་གཅེས་སྤྲས་དང་གོ་སྐབས་དམ་འཛིན་བྱས་ཏེ་སེམས་ཤུགས་གཙོ་བོ་འཛུགས་སྐྲུན་དང་འཕེལ་རྒྱས་དོན་གཉེར་བྱེད་པར་གཅིག་སྡུད་བྱ་དགོས། བཞི་ནི་ཐོག་མཐའ་བར་གསུམ་དུ་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ལ་སྲུང་སྐྱོང་བྱ་དགོས། བྱ་བ་མཐའ་དག་སྤྱི་ཡོངས་ལ་དམིགས་པ་དང་། དཔྱོད་ཤེས་ཀྱིས་འབྲེལ་གཏུག་བྱེད་པ། ཐུན་མོང་གི་ངོས་འཛིན་གཅིག་སྡུད་བཅས་བྱས་ཚེ་གཞི་ནས་གནད་དོན་རིམ་བཞིན་ཐག་གཅོད་བྱེད་ཐུབ། ཀྲུང་དབྱང་གི་ངོས་ནས་བརྗོད་ན། རྒྱལ་གཅེས་ཀང་གཅེས་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ལ་ལྷག་བསམ་རྣམ་དག་ངང་བརྩི་བཀུར་ཞུས་ཚེ་ཆབ་སྲིད་ཀྱི་ལྟ་བའམ་ཡང་ན་འདོད་ཚུལ་ཇི་འདྲ་འཛིན་རུང་། ང་ཚོས་དེ་དང་འབྲེལ་གཏུག་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་དེང་སྐབས་རང་རྒྱལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཡུལ་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་བཞིན་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞང་ཀང་དུ་གྲུབ་འབྲས་ཐོབ་པའི་ལག་ལེན་བསྟར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་ནི་ཀྲུང་གོའི་ཕུགས་འདུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་ལེན་སྟར་བཞིན་པའི་ནང་ས་འཛུགས་སྐྲུན་ཡག་པོ་བྱེད་དགོས་ལ་མ་རྩ་རིང་ལུགས་ཀྱི་ལམ་ལུགས་ལག་ལེན་སྟར་བཞིན་པའི་ཞང་ཀང་ཡང་འཛུགས་སྐྲུན་ཡག་པོ་བྱེད་དགོས་ཞེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་དང་མཐུན་སྒྲིལ་རྒྱ་ཁྱབ་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ལག་བསྟར་ཕྱོགས་ཡོངས་དང་འཕྱུགས་མེད་བྱེད་པ་དང་། “རྒྱལ་ཁབ་གཅིག”གི་རྩ་བ་བརྟན་སྲུང་དང“ལམ་ལུགས་གཉིས”ཀྱི་ཕན་ནུས་ཡག་པོ་སྤྱད་དེ་ལས་དོན་ཁག་ཡག་པོ་ཏན་ཏིག་བསྒྲུབ་དགོས། དུས་བསྟུན་འཕེལ་རྒྱས་དང་དགེ་མཚན་ལྡན་པའི་བྱས་རྗེས་བཞག་སྟེ་སྲིད་གཞུང་གི་དོ་དམ་དང་བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། སེམས་ནུས་གཅིག་སྒྲིལ་དང་ལེགས་ཆ་འདོན་སྤེལ་བྱས་ཏེ་ཞང་ཀང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་པ། མི་རྩ་བར་འཛིན་པ་དང་དཀའ་ངལ་སེལ་རོགས་བྱས་ཏེ་ཡུལ་མིས་དོ་ཁུར་བྱེད་པའི་དཔལ་འབྱོར་དང་དམངས་འཚོའི་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་དམངས་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར་མཐོ་རུ་ཏན་ཏིག་གཏོང་བ། སློབ་གསོར་སྣང་ཆེན་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་སློབ་གསོར་ཤུགས་སྣོན་ཧུར་ཐག་བརྒྱབ་ནས་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སེམས་ཁུར་དང་། རྒྱབ་སྐྱོར། རོགས་རམ་བཅས་བྱ་རྒྱུའི་རེ་བ་ཡོད། ཀྲུང་དབྱང་སྲིད་གཞུང་གིས་སྲིད་འཛིན་དཔོན་པོ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་ཇུས་ལག་བསྟར་བྱེད་པར་སྔར་རྒྱུན་བཞིན་རྒྱབ་སྐྱོར་དང་། ཞང་ཀང་གི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་རྒྱབ་སྐྱོར། ཞང་ཀང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་། ཀོང་ཏུང་དང་། ཞང་ཀང་། ཨའོ་མེན་བཅས་ཀྱི་མཚོ་ཁུག་ཁུལ་ཆེན་པོ་འཛུགས་སྐྲུན། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བ་སོགས་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་འགངས་ཆེན་ལ་སྐུལ་འདེད་གཏོང་བའི་ཁྲོད་ལེགས་ཆ་དང་ནུས་པ་འདོན་སྤེལ་ལ་རྒྱབ་སྐྱོར་བཅས་བྱ་རྒྱུ་ཡིན། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་སྤུན་ཟླ་ཞང་ཀང་བ་ནང་ལོག་ས་ཁུལ་དུ་སློབ་སྦྱོང་དང་། ལས་ཞུགས། འཚོ་བ་སྐྱེལ་བ་བཅས་ལ་སྟབས་བདེ་སྐྲུན་པའི་ཞིབ་ཕྲའི་བྱ་ཐབས་ཞིབ་འཇུག་ཧུར་ཐག་བྱས་ནས་བཟོ་རྒྱུ་ཡིན་ཞེས་མཛུབ་སྟོན་གནང་བ་རེད།
མཇུག་ཏུ་ཞི་ཅིན་ཕིང་གིས་རླབས་ཆེན་མེས་རྒྱལ་གྱི་འགྱུར་མེད་སྟོབས་ལྡན་གྱི་རྒྱབ་རྟེན་ཡོད་པ་དང་། ཀྲུང་དབྱང་སྲིད་གཞུང་དང་ནང་ལོག་་ས་ཁུལ་གྱི་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ། ཞང་ཀང་ཚུར་ལོག་ནས་ལོ་20རིང་གསོག་འཇོག་བྱས་པའི་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་ཡོད་པ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་མཐུན་སྒྲིལ་འབད་འཐབ་ཡོད་པ་བཅས་ལས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞང་ཀང་དུ་ལག་ལེན་བསྟར་བར་སླར་ཡང་ལེའུ་གསར་པ་ཞིག་རྩོམ་ཐུབ་ངེས་ཡིན་ལ། ཞང་ཀང་གིས་སླར་ཡང་འོད་སྟོང་གསར་གཏོད་ཐུབ་ངེས་རེད་ཅེས་ནན་བཤད་གནང་བ་རེད།
ལིན་ཀྲེང་གཡོད་ཨེ་ཡིས་ཤིས་ཚིག་གསུང་སྐབས། སྲིད་འཛིན་དཔོན་པོའི་འགན་འཁྲི་ལག་བསྟར་ཕྱོགས་ཡོངས་དང་འཕྱུགས་མེད་བྱས་ཏེ་རང་ནུས་ཡོད་རྒུ་བཏོན་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་བསྟར་བ་དང་། གཞི་རྩའི་བཅའ་ཁྲིམས་བརྩི་སྲུང་བ། ཁྲིམས་སྐྱོང་སྲུང་སྐྱོང་བ་བཅས་དང་དེ་བཞིན་ཀྲུང་དབྱང་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་སྐུལ་འདེད་པ་བཅས་ཀྱི་འགན་འཁྲི་བརྟན་པོ་ཁུར་ནས་འཇིགས་སྣང་སྤུ་ཙམ་ཡང་མེད་པར་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་ཕོག་ཐུག་གཏོང་བའི་བྱེད་སྤྱོད་གང་རུང་ཁྲིམས་ལྟར་ཐག་གཅོད་བྱས་ཏེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞང་ཀང་དུ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན། སྐབས་འདིའི་སྲིད་གཞུང་གིས་དེ་བས་ཧུར་བརྩོན་ཡར་ཐོན་གྱིས“སྐུལ་འདེད་པ”དང“ཁྱབ་གདལ་བའི”འགན་འཁྲི་ཡག་པོ་ཁུར་ནས་ཞང་ཀང་གི་སྲོལ་རྒྱུན་ལེགས་ལྡན་ཐོན་ལས་སྲ་བརྟན་དང་རིམ་སྤོར་བྱས་ཏེ་གསར་གཏོད་ཚན་རྩལ་དང་བསམ་བཀོད་ཐོན་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དཔལ་འབྱོར་ལ་སྒུལ་ཤུགས་སྣ་མང་བསྣན་ཏེ་སྤུས་ལེགས་ཀྱི་ལས་ཞུགས་གོ་སྐབས་དེ་བས་མང་བ་གསར་གཏོད་བྱ་རྒྱུ་ཡིན་ཞེས་གསུངས། ཁོང་གིས་འབྱུང་འགྱུར་ལོ་ལྔའི་རིང་དོ་དམ་དང་བཅོས་སྐྱོང་དཔུང་ཁག་གི་སྣེ་ཁྲིད་དེ་ཞིབ་ཕྲའི་ལས་དོན་དང་སྲིད་སྐྱོང་བྱས་རྗེས་ཏན་ཏིག་ལ་བརྟེན་ནས་གྲོང་མི་དང་ཀྲུང་དབྱང་སྲིད་གཞུང་གིས་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་ཡིན་ཞེས་ནན་བཤད་གནང་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10