ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་ཧན་གོས་ཟླ་ལྔ་བའི་ཚེས་དགུའི་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་སྲིད་པར་བཤད།

    མི་དམངས་དྲ་བ།    2017-03-15

ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ཧན་གོས་ཟླ་ལྔ་བའི་ཚེས་དགུའི་ཉིན་སྐབས་རྗེས་མའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་སྲིད་ཟེར།

ཧན་གོའི་རྩ་ཁྲིམས་ཁྲིམས་ཁང་གིས་ཚེས་བཅུའི་ཉིན་ད་ལྟའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱི་ཉེས་སྐྱོན་ཐེར་འདོན་གྱོད་དོན་ལ་གྲོས་མཐུན་བཀོད་པ་རེད། འབྲེལ་ཡོད་གཏན་འཁེལ་ལྟར་ན། ཧན་གོས་ཉིན་དྲུག་ཅུའི་ནང་སྐབས་རྗེས་མའི་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པ་དང་། ཞོར་དུ་ཉིན་ལྔ་བཅུའི་སྔོན་ལ་བྱེ་བྲག་གི་དུས་ཚོད་ཁྱབ་སྒྲོག་བྱེད་དགོས་པ་རེད། དེ་ལྟར་རིགས་འདེད་བྱས་ན་འདེམ་བསྐོའི་བྱ་འགུལ་དེ་ཟླ་བཞི་བའི་ཟླ་མཇུག་ནས་ཟླ་ལྔ་བའི་ཟླ་སྟོད་བར་སྤེལ་དགོས་པ་རེད།

ཧན་གོའི་སྲིད་གཞུང་གི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཟླ་ལྔ་བའི་གཟའ་འཁོར་དང་པོར་གནང་བ་ཅུང་མང་བ་དང་། གཟའ་མཇུག་སོགས་ལ་བསམ་བློ་བཏང་སྟེ། ཟླ་ལྔ་བའི་ཚེས་དགུའི་ཉིན་ནི་གདམ་གསེས་ཅུང་བཟང་བོ་ཞིག་ཡིན་པ་རེད་ཟེར། འབྲེལ་ཡོད་མི་སྣས་བཤད་རྒྱུར། སྲིད་གཞུང་གིས་ཟླ་ལྔ་བའི་ཚེས་དགུའི་ཉིན་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཕལ་ཆེར་ཐག་བཅད་ཡོད་པ་དང་། མིག་སྔར་འདེམ་བསྐོའི་དོ་དམ་ཨུ་ཡོན་ལྷན་ཁང་བར་གྲོས་མོལ་བྱེད་དགོས་པ་རེད། སྲིད་གཞུང་གིས་གཟའ་འཁོར་འདིའི་ནང་རྒྱལ་སྲིད་གྲོས་ཚོགས་བསྡུས་ཏེ་འདེམ་བསྐོའི་དུས་ཚོད་གཏན་འཁེལ་བྱས་ནས་ཁྱབ་སྒྲོག་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད།


  • ལེ་ཚན་སྔོན་མ།:《ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས།》དཔེ་སྐྲུན་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་སི་རི་ཡཱའི་བྱིས་པ་དག་དཀའ་སྡུག་གི་གནས་སུ་ལྷུང་ཡོད་པར་བཤད།
  • དོ་སྣང་ཆེ་བའི་རྩོམ།