ཧིན་རྡུ་རྒྱ་མཚོ་བསྐོར་བའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ནས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་ནན་བཤད་བྱས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2017-03-10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་བདུན་ལོའི་ཧིན་རྡུ་རྒྱ་མཚོ་བསྐོར་བའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཟླ་གསུམ་པའི་ཚེས་བདུན་ཉིན་ཧིན་རྡུ་ཉི་ཞི་ཡཱའི་ཡཱ་ཅཱ་ཏཱའི་གྲོས་ཚོགས་ལྟེ་གནས་ནས་ཚོགས། གྲོས་ཚོགས་ནས་སྤེལ་བའི་འཇིགས་སྐུལ་རིང་ལུགས་དང་དྲག་ཤུགས་ཐལ་སྤྱོད་ལ་ཆམ་ཕབ་གཏོང་བའི་བསྒྲགས་གཏམ་ལས་བསྟན་དོན། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ཀྱིས་ས་ཁུལ་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་ཚབས་ཆེན་བཟོ་བཞིན་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་གོང་བུར་འདྲིལ་ཤུགས་ལ་གནོད་པ་ཐེབས་ཡོད་ལ། ཕྱོགས་སོ་སོས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཐད་ནས་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་ཟེར།

ཧིན་རྡུ་རྒྱ་མཚོ་བསྐོར་བའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་གཅིག་དང་གྲོས་མོལ་གྲོགས་པོའི་རྒྱལ་ཁབ་བདུན་གྱི་མགོ་ཁྲིད་པ་དང་འཐུས་མི་གྲོས་ཚོགས་ལ་ཞུགས། དེ་ནི་མནའ་འབྲེལ་དེ་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བའི་རིང་ཐོག་དང་པོར་མགོ་ཁྲིད་པའི་གྲོས་ཚོགས་བསྡུས་པ་རེད། གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་འཐུས་མིས་ནན་གྱིས་བསྟན་དོན། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ལ་ཆམ་ཕབ་གཏོང་བར་རྒྱལ་མཚམས་ཀྱི་ཚད་བཀག་ཡོད་མི་རུང་བ་དང་། རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱི་བཅས་ཀྱི་རིམ་པ་ནས་མཉམ་ལས་བྱེད་དགོས་ཟེར།

གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་འཐུས་མིས་ཁོངས་གཏོགས་རྒྱལ་ཁབ་བར་གྱི་རྒྱ་མཚོའི་བདེ་འཇགས་དང་ཉོ་ཚོང་དངུལ་གཏོང་། རྒྱུན་མཐུད་ཉ་གསོ་ལས་རིགས་ཀྱི་འཕེལ་རྒྱས། གནད་འཚེའི་ཐག་གཅོད་ནུས་པ། རིགས་གཞུང་ཚན་རྩལ་བརྗེ་རེས། གནས་སྐོར་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་།

ཧིན་རྡུ་རྒྱ་མཚོ་བསྐོར་བའི་མནའ་འབྲེལ་ནི་ཧིན་རྡུ་རྒྱ་མཚོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཤིག་ཡིན་པ་དང་། ཨེ་ཤ་ཡཱ་དང་ཨ་ཧྥེ་རི་ཁ། ནུབ་ཀྱི་རྒྱ་མཚོ་ཆེན་མོའི་གླིང་བཅས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་གཅིག་དང་། ཀྲུང་གོ་དང་ཨ་མེ་རི་ཁ། དབྱིན་ཇི། ཧྥ་རན་སི། འཇར་པན། འཇར་མན། ཨེ་ཅིབ་བཅས་གྲོས་མོལ་གྲོགས་པོའི་རྒྱལ་ཁབ་བདུན་བཅས་ཡོད།    །


  • ལེ་ཚན་སྔོན་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཁུན་ནེ་ཡཱ་རུ་འཚམས་འདྲི་བྱས།
  • ལེ་ཚན་རྗེས་མ།:《ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས།》དཔེ་སྐྲུན་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།