ཕ་ཁི་སི་ཐན་གྱི་ཙུང་ཐུང་ཟུར་པ་ལ་སྲོག་ཁྲིམས་བཅད་པ།

    མི་དམངས་དྲ་བ།    2019-12-19

  མི་དམངས་དམངས་དྲ་བའི་འཕྲིན། ཚེས17ཉིན་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཟུར་པ་ཕེའར་ཝུའེ་ཙེ་མུའུ་ཧྲ་ལ་ཕུའུ་ཡི་གྱོད་གཞི་ཞིབ་གཅོད་བྱེད་འགན་འཁུར་བའི་དམིགས་བསལ་ཁྲིམས་རས་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་གསོག་ལ་བརྟེན་ནས་མུའུ་ཧྲ་ལ་ཕུའུ་ལ་སྲོག་ཁྲིམས་བཅད་པ་རེད། 
     སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཁྲིམས་དཔོན་གསུམ་ལས་གྲུབ་པའི་དམིགས་བསལ་ཁྲིམས་རས2007ལོའི་ཟླ11པར་མུའུ་ཧྲ་ལ་ཕུའུ་ཡིས་ཛ་དྲག་གི་རྣམ་པ་ལག་བསྟར་བྱ་རྒྱུ་དང་རྩ་ཁྲིམས་མཚམས་འཇོག་བྱ་རྒྱུ་ཁྲིམས་འགལ་ངང་ཁྱབ་བསྒྲགས་བྱས་པ་དེ་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་བྱས་ཉེས་བསགས་པར་ངོས་བཟུང་བ་རེད། དམིགས་བསལ་ཁྲིམས་རའི་ཁྲིམས་དཔོན་གཉིས་ཀྱིས་མུའུ་ཧྲ་ལ་ཕུའུ་ལ་སྲོག་ཁྲིམས་གཅོད་པར་མོས་མཐུན་བྱས་པ་དང་། ཁྲིམས་དཔོན་གཅིག་གིས་དེ་ལ་ངོ་རྒོལ་བྱས། སྨྱན་སྦྱོར་གྱིས་ཞིབ་ཕྲའི་ཆ་འཕྲིན་ཚུད་པའི་བཅད་ཁྲ་ཆུ་ཚོད48ནང་ཁྱབ་བསྒྲགས་བྱ་རྒྱུ་རེད་ཅེས་བཤད་པ་རེད། 
     དམིགས་བསལ་ཁྲིམས་རས་མུའུ་ཧྲ་ལ་ཕུའུ་རང་ཉིད་ཁྲིམས་སར་ཡོང་ནས་འདྲི་གཅོད་བྱེད་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་མུའུ་ཧྲ་ལ་ཕུའུ་རྒྱལ་ནང་དུ་ལོག་མེད། ཁྲིམས་རྩོད་པས་ཁྲིམས་རའི་ཐོག་མུའུ་ཧྲ་ལ་ཕུའུ་ཡི་ནད་གཞི་ལྕི་བས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་སྨན་བཅོས་དང་ལེན་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད། 
     ཕ་ཁི་སི་ཐན་གྱི་ཆ་འཕྲིན་དང་རླུང་འཕྲིན་ལས་དོན་གྱི་སྤྱི་འགན་ཁུར་བའི་དམིགས་བསལ་བློ་འདྲི་བ་ཧྥེར་ཏུའུ་སི་ཨ་དབན་གྱིས་སྲིད་གཞུང་གིས་བཅའ་ཁྲིམས་ཀྱི་ངོས་ནས་དཔྱད་མཚམས་དེར་གྲོས་བསྡུར་བྱ་རྒྱུ་དང་། ཙུང་ལི་དབྱི་མུའུ་ལན་ཧན་གྱིས་བཅའ་ཁྲིམས་རིགས་གཅིག་མཁས་ཅན་ལ་དཔྱད་མཚམས་སྐོར་ནས་བློ་འདྲི་བྱེད་སྲིད་ཅེས་བརྗོད་པ་རེད། 
     ཕ་ཁི་སི་ཐན་གྱི་བཅའ་ཁྲིམས་ལྟར་ན་མུའུ་ཧྲ་ལ་ཕུའུ་ལ་ཁོའི་སྲོག་ཁྲིམས་ཀྱི་དཔྱད་མཚམས་ལ་ཞུ་གཏུག་བྱེད་པའི་དབང་ཆ་ཡོད། 
     2007ལོའི་ཟླ11པར། སྐབས་དེ་དུས་ཕ་ཁི་སི་ཐན་གྱི་ཙུང་ཐུང་དང་སྐམ་དམག་གི་དྲག་ཇུས་དམག་དཔོན་གཅིག་ལྕོགས་ཡིན་པའི་མུའུ་ཧྲ་ལ་ཕུའུ་ཡིས་ཛ་དྲག་གི་རྣམ་པ་ལག་བསྟར་བྱེད་པ་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ཁྲིམས་དཔོན60ཙམ་གྱི་གོ་གནས་མེད་པ་བཟོས་པས། བྱ་སྤྱོད་དེ་རྩ་ཁྲིམས་ལས་འགལ་བའི་དོགས་གཞི་ཡོད་པ་རེད། 2008ལོའི་ཟླ8པར་མུའུ་ཧྲ་ལ་ཕུའུ་ཡིས་ཕྱོགས་མང་པོའི་གནོན་ཤུགས་ཀྱི་རྐྱེན་པས་ཙུང་ཐུང་གི་གོ་གནས་དགོངས་ཞུ་བྱས་པ་དང་། དེ་རྗེས་དུས་ཚོད་མང་ཆེ་བ་དབྱིན་ཇིའི་ལོན་ཏོན་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་རུ་བསྡདཔ་རེད། 
     2013ལོའི་ཟླ3པར་མུའུ་ཧྲ་ལ་ཕུའུ་རྒྱལ་ནང་དུ་ལོག་ནས་འདེམས་བསྐོ་ཆེ་མོའི་ནང་ཞུགས་རྩིས་བྱས་ཀྱང་ཁྲིམས་ཁང་གིས་བཀག་འགོག་བྱས་པ་རེད། ལོ་དེའི་ཟླ11པར། ཕ་ཁི་སི་ཐན་གྱི་གཞུང་ཕྱོགས་ནས་མུའུ་ཧྲ་ལ་ཕུའུ་ཡིས་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་བྱས་ཉེས་ལ་ཞུ་གཏུག་བྱེད་པའི་གོ་རིམ་སྤེལ་འགོ་ཚུགས་པ་དང་འབྲེལ། ཁྲིམས་དཔོན་གསུམ་གྱིས་གྲུབ་པའི་དམིགས་བསལ་ཁྲིམས་ར་བཙུགས་པ་རེད།  2016ལོའི་ཟླ3པར་ཕ་ཁི་སི་ཐན་ཆེས་མཐོའི་ཁྲིམས་ཁང་གིས་མུའུ་ཧྲ་ལ་ཕུའུ་ཕྱི་རྒྱལ་དུ་སྨན་བཅོས་ལ་བསྐྱོད་པར་མོས་མཐུན་བྱུང་བ།

  • ལེ་ཚན་སྔོན་མ།:སློབ་གྲྭའི་ནང་གི་རྒྱལ་སྤྱིའི་རིག་གནས་དུས་སྟོན།
  • ལེ་ཚན་རྗེས་མ།:ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་དུས་མཚམས་སུ་སླེབས་པ།
  • དོ་སྣང་ཆེ་བའི་རྩོམ།