ཞི་ཅིན་ཕིང་གིས2019ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྨྱན་བྱད་བརྗེ་རེས་ལོ་ཚོགས་འགོ་བརྩམས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2019-02-23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྨྱན་བྱད་བརྗེ་རེས་ལོ་ཚོགས་འགོ་བརྩམས་པའི་མཛད་སྒོ་པེ་ཅིན་ནས་བསྡུས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྨྱན་བྱད་བརྗེ་རེས་ལོ་ཚོགས་འགོ་བརྩམས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱིས་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་བསྣན་པ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ཤིང་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་འགལ་བ་སྣ་ཚོགས་ལུགས་མཐུན་སྒོས་ཐག་བཅད་ཅིང་ས་གནས་ཀྱི་བརྟན་འཇགས་སྲུང་སྐྱོབ་བྱས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་འབྲེལ་བ་དེ་ཁྱོན་ཡོངས་འཕེལ་རྒྱས་སུ་འགྲོ་བའི་དུས་སྐབས་གསར་བར་སླེབས་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྨྱན་བྱད་བརྗེ་རེས་ལོ་བསྡུས་པ་ནི་ཕྱོགས་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། སྨྱན་བྱད་ནི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་དམངས་སེམས་གཅིག་སྒྲིལ་ལ་སྐུལ་འདེད་གཏོང་བའི་སྒྲོག་ཐག་ལྟ་བུ་ཡིན་པའི་ཆ་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་དགོས། ཕྱོགས་གཉིས་ཀྱི་སྨྱན་བྱད་ཀྱིས་མཛའ་མཐུན་འགྲོ་འོང་གི་བརྒྱུད་གཏོང་མཁན་དང་དངོས་གཉེར་མཉམ་ལས་ཀྱི་སྐུལ་འདེད་མཁན། འཆམ་མཐུན་མཉམ་གནས་ཀྱི་སོ་ལྟ་མཁན་བཟང་བོ་ཞིག་བྱེད་དགོས་པར་མ་ཟད། ཞི་བདེ་ལ་མཉམ་སྐུལ་བྱེད་པ་དང་འཕེལ་རྒྱས་ལ་མཉམ་དུ་ཇུས་འགོད་བྱེད་པའི་གཏམ་རྒྱུད་ལེགས་པོར་བརྗོད་ནས་སྔར་ལས་དམ་པོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་གཅིག་བསྡུས་ཀྱི་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།


  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀོང་ཏུང་ཞང་ཀང་ཨོ་མིན་ཁུགས་ཁུལ་ཆེན་མོའི་འཕེལ་རྒྱས་འཆར་འགོད་རྩ་གནད་དཔར་ནས་བཀྲམ།
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁའི་དམག་དཔུང་གི་བར་སྣང་འཇབ་རྒོལ་ལས་སོ་མཱ་ལིའི་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་སོ་ལྔ་བསད།
  • དོ་སྣང་ཆེ་བའི་རྩོམ།