2018-09-29
འབྱུང་བའི་ལྟེ་བར་གནས་པའི་སྲིད་པའི་གངས་རྒན་ཁྱེད།།
སྐུ་མཆོག་གཡུང་དྲུང་ཞིག་པར་གདུང་སེམས་ཚད་མེད་སྐྱེད།།
ཆར་རླུང་དྲག་པོས་མ་ཐུལ་བྱང་ཆུབ་ལྗོན་པ་ཡི།།
མཛད་འཕྲིན་ཉི་ཟླ་འདྲ་ལ་བདག་ནི་ཕྱག་འཚལ་ལོ།།
མཁས་དབང་ཆོས་རྒྱལ་ནམ་མཁའི་ནོར་བུ་མཆོག2018ལོའི་ཟླ9པའི་ཚེས28གྱི་ནམ་གུང་གི་ཆུ་ཚོད་གསུམ་པའི་ཐོག་ནུབ་ཕྱོགས་ཡོ་རོབ་གླིང་གི་རྒྱལ་ཁབ་ཨི་ཊ་ལིར་ཡོད་པའི་ཁོང་གི་གདན་ས་མེ་རི་སྒར་ནས་དགོངས་པ་རྫོགས་འདུག དགུང་ལོ80ལ་སླེབས་ཡོད།
མཁས་དབང་ཆོས་རྒྱལ་ནམ་མཁའི་ནོར་བུ་རིན་པོ་ཆེ་ནི་སྤྱི་ལོ1938ལོར་བོད་ཁམས་སྡེ་དགེ་རྫོང་ཁོངས་སུ་སྐུ་འཁྲུངས། སྤྱི་ལོ1957ལོར་ལྷོ་ནུབ་མི་རིགས་སློབ་གླིང་གི་བོད་ཡིག་སྡེ་ཁག་གི་དགེ་རྒན་གནང་། སྤྱི་ལོ1957ལོར་རྒྱ་གར་འབྲས་ལྗོངས་དུ་ཕེབས་ནས་དེ་གར་བོད་ཡིག་སློབ་དེབ་གསར་དུ་བསྒྲིགས། སྤྱི་ལོ1964ལོར་ཨི་ཊ་ལིའི་ཤར་ཕྱོགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་དགེ་རྒན་ཆེན་མོའི་འགན་བཞེས། སྤྱི་ལོ1981ལོར་རྫོགས་པ་ཆེན་པོའི‘རིག་གནས་མཐུན་ཚོགས’ཞེས་པ་གསར་འཛུགས་བྱས། སྤྱི་ལོ1988ལོར་ཤར་ཕྱོགས་རིག་གནས་སྐོར་ལ་ཆེད་དམིགས་ཀྱིས‘ཞང་ཞུང་དཔེ་སྐྲུན་ཁང’ཞེས་པ་ཞིག་གསར་ཏུ་བཙུགས། སྤྱི་ལོ1989ལོར‘ཞང་ཞུང་ཞིབ་འཇུག་ཁང་’ཞིག་གསར་འཛུགས་བྱས། སྤྱི་ལོ1996ལོར་ཁོང་གི་ཆེད་རྩོམ་སྐད་གྲགས་ཆེ་ཤོས‘ཞང་བོད་ལོ་རྒྱུས་ཏི་སེའི་འོད’ཞེས་པ་དེ་དཔར་བསྐྲུན་བྱས། ད་དུང་ཁོང་གི་བརྩམ་ཆོས་ལ། བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་མུ་ཏིག་ཕྲེང་བ། བོད་རིགས་གཞོན་ནུ་རྣམས་ལ་གྲོས་སུ་འདེབས་པ་གཟི་ཡི་ཕྲེང་བ། ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་། རྩ་རླུང་འཕྲུལ་འཁོར་ཉི་ཟླ་ཁ་སྦྱོར། བྱང་འབྲོག་ལམ་ཡིག རྫོགས་པ་ཆེན་པོ་དང་ཏིང་ངེ་འཛིན་སོགས་ཡོད་པ་རེད།
དམ་པ་ཁོང་གིས་སྐུ་འཚོ་བཞུགས་རིང་བོད་ཀྱི་རིག་གནས་འདི་འཛམ་གླིང་ཡོངས་ཁྱབ་རང་བཞིན་ཅན་དུ་གོམ་པ་སྤོ་བའི་ཕྱོགས་ལ་དམིགས་བསལ་གྱིས་ནུས་པ་ཐོན་ཡོད་པ་ནི། དཔེར་ན། ཁོང་གི་སློབ་མའི་ཁྱབ་ཁོངས་ལ་ཨ་མེ་རི་ཁ་དང་། ཧྥ་རན་སི་སོགས་རྒྱལ་ཁབ40ལྷག་བརྒལ་ཡོད་ཁར། སློབ་མའི་གྲངས་ཚད་ཀྱང་འབུམ་ཕྲག་གཅིག་ལྷག་ཏུ་སོང་འདུག་པ་དང་། ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལ་སོགས་པའི་ཁོང་གི་བརྩམས་ཆོས་དག་འཇར་མན་དང་། ཨུ་རུ་སུ་སོགས་ཀྱིས་མཚོན་པའི་འཛམ་གླིང་གི་ཡིག་རིགས་མི་འདྲ་བ་བཅུ་ལྷག་ལ་བསྒྱུར་ཡོད་འདུག ད་དུང་ཨ་ཤེ་ཡའི་རྒྱལ་སྤྱིའི་མཐུན་སྒྲིལ་ཚོགས་པ་གསར་ཏུ་བཙུགས་པ་སོགས་བོད་རིག་པར་ཕྱག་ལས་མང་དུ་གནང་ཡོད་འདུག་པ་དང་། ཟླ་འདིའི་སྤྱི་ཚེས10ཉིན་ཁོང་ལ་ཨི་ཊ་ལིའི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་དེ་ཕུལ་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10