རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཨ་རི་ལ་འཚམས་འདྲི་བྱས་པ།

    མི་དམངས་དྲ་བ།    2017-12-08


རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཨ་རི་ལ་འཚམས་འདྲི་བྱས་པ།
 

      ཟླ་12ཚེས་2ཉིན་ནས་ཚེས་6ཉིན་བར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བསྟན་འཛིན་རྣམ་རྒྱལ་གྱིས་སྣེ་ཁྲིད་བྱས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཨ་རི་ལ་འཚམས་འདྲི་བྱས་པ་རེད། པོ་ཧྲི་ཏོན་གྲོང་ཁྱེར་དུ་འཐུས་མི་ཚོགས་པས་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་། རྒྱལ་ཕྱིར་སློབ་གཉེར་སློབ་མའི་འཐུས་མི། བོད་རིགས་སྤུན་ཟླ་བཅས་དང་བཞུགས་མོལ་བྱས་པ་དང་། མ་ས་ཀྲུའུ་སའེ་མངའ་སྡེའི་གྲོས་ཁང་འོག་མའི་མང་ཆེ་བ་ཏང་གི་གཙོ་འཛིན་ལས་རོགས་སོགས་ཡིན་པའི་སྲིད་ཕྱོགས་ཀྱི་མི་སྣ་གཙོ་གྲས་དང་ཐུག་འཕྲད་བྱས་ལ། ཝ་ཧྲིང་ཐོན་གྲོང་ཁྱེར་དུ་ཨ་རིའི་རྒྱལ་ཚོགས་ཀྱི་ཚན་དབྱི་ཡོན་གྲོས་མི་ཏའེ་ཨན་སི་དང་པ་ལ་སུའོ་དང་གྲོས་མོལ་བྱས་ཤིང་། རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི"ཨ་ཀྲུང་ལས་དོན་ཚོགས་ཆུང"གི་ཐུན་མོང་ཀྲུའུ་ཞི་ལ་ཧུའུ་ཏེ་དང་གྲོས་ཁང་འོག་མའི་གྲོས་མི་ལཱ་སེང་ལ་སོ་སོར་བྱས་ཏེ་ཐུག་འཕྲད་བྱས་པ་མ་ཟད། འབྲེལ་ཡོད་རྒྱལ་ཚོགས་ཀྱི་གྲོས་མི་ལས་རོགས་དང་མཁས་དབང་བཅས་དང་བཞུགས་མོལ་བྱས་པ་རེད།
      ཨ་རིའི་ཕྱོགས་དང་ཐུག་འཕྲད་བྱེད་པའི་རིང་ལ། བསྟན་འཛིན་རྣམ་རྒྱལ་གྱིས། ཡུན་མི་རིང་བའི་གོང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་འདྲེན་ཞུས་པ་ལྟར་ཙུང་ཐུང་ཐེ་རོམ་ཕུ་ཡིས་ལེགས་འགྲུབ་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་ཤིང་། ཕྱོགས་གཉིས་ཀྱིས་ཀྲུང་ཨའི་བར་གྱི་འབྲེལ་བ་འཕེལ་རྒྱས་དང་ཐུན་མོང་དུ་དོ་ཁུར་བྱེད་བཞིན་པའི་གནད་དོན་ཐད་ངོས་འཛིན་གཅིག་མཐུན་ཁྱབ་ཆེན་པོ་བྱུང་བ་དང་། མ་འོངས་པའི་དུས་སྐབས་ཤིག་གི་རིང་དུ་ཀྲུང་ཨའི་བར་གྱི་འབྲེལ་བ་འཕེལ་རྒྱས་ལ་སྒུལ་ཤུགས་ཧ་ཅང་ཆེན་པོ་བསྣན་པ་རེད། འཐུས་མི་ཚོགས་པ་ཐེངས་འདི་འཚམས་འདྲི་བྱེད་པར་ཡོང་བ་ནི་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ངོས་འཛིན་གཅིག་མཐུན་དོན་ཐོག་ཏུ་འཁྱོལ་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྲིམས་ལུགས་ལས་ཁུངས་བར་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་དངོས་ཡིན་ཞེས་བཤད་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཨ་རི་ལ་འཚམས་འདྲི་བྱས་པ།
     བསྟན་འཛིན་རྣམ་རྒྱལ་གྱིས་ཀྲུང་གོའི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་དང་། དེ་བཞིན་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་ལྗོངས་སུ་ལག་བསྟར་བྱས་ཚུལ་གཙོ་གནད་དུ་བཟུང་སྟེ་ངོ་སྤྲོད་བྱས་པ་དང་། ཁོང་གིས་སྒྲ་འཛིན་རྣ་ཡིས་ཐོས་པ་ལས། འདྲེན་བྱེད་མིག་གིས་རིག་ན་དགའ། བོད་ལྗོངས་ཡུལ་དངོས་སུ་འཚམས་འདྲི་གནང་བར་ཕེབས་ནས་བོད་ལྗོངས་ཀྱི་གནས་ཚུལ་ངོ་མ་རྒྱུས་ལོན་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད། ཨ་རིའི་ཕྱོགས་ཀྱིས་བོད་ལྗོངས་ལ་ཐུན་མོང་མ་ཡིན་པའི་རང་བྱུང་གི་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་ལོ་རྒྱུས་ལྡན་པ་ཡིན་ཞིང་། བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་དེ་འདྲའི་ཕུལ་དུ་བྱུང་བ་དང་། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཧ་ཅང་ལེགས་པོ་བྱས་ཡོད་པ་རྒྱུས་ལོན་བྱུང་བར་དགའ་སྤྲོ་ཧ་ཅང་ཆེན་པོ་བྱུང་། མ་འོངས་པར་གོ་སྐབས་བྱུང་ན་བོད་ལྗོངས་ལ་འཚམས་འདྲི་བྱས་ཏེ་ཕྱོགས་གཉིས་བར་སྤེལ་རེས་དང་མཉམ་ལས་སྔར་བས་ལྷག་པར་བྱེད་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།
     འཐུས་མི་ཚོགས་པས་ད་དུང་སྨྱན་སྦྱོར་གྱི་མཉམ་སྡེབ་བཅར་འདྲི་དང་ལེན་བྱས་ནས་ཐེངས་འདིའི་འཚམས་འདྲིའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

  • ལེ་ཚན་སྔོན་མ།:མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོཊ་པས་ཁ་ན་ཏར་འཚམས་འདྲི་བྱས།
  • ལེ་ཚན་རྗེས་མ།:2017ལོའི་ནོ་པེར་བྱ་དགའ་སྤྲོད་པའི་མཛད་སྒོ་སུའེ་ཏེན་རྒྱལ་ཁབ་ཏུ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།