ཤིན་ཧྭ་གསར་འགྱུར་ཁང་། 2014-03-31
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་26ཉིན་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྱབ་གདལ་གཏོང་བ་དང་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱ་རྒྱུ་དམིགས་ཡུལ་དུ་བཟུང་བའི“ཐོན་མི་གླིང·བོད་ཀྱི་སྒྱུ་རྩལ་རིག་གནས་བཤམས་སྟོན་ཁང”བོད་ཀྱི་ལྷ་སར་སྐྲུན་འགོ་ཚུགས་ཡོད། དེའི་ཐོག་ནས་བོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་རྣམ་གྲངས་ཆེ་གྲས་ཐོག་མ་བསྐྲུན་རྒྱུ་དངོས་སུ་འགོ་ཚུགས་པ་མཚོན་ཡོད།
རིག་གནས་བཤམས་སྟོན་ཁང་ནི་བོད་ལྗོངས་གངས་ཏི་རིག་གནས་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིས་མ་འཇོག་བྱས་ནས་འཛུགས་སྐྲུན་བྱེད་པ་དང་། འཆར་འགོད་ཀྱི་སྤྱིའི་ས་ཁྱོན་མུའུ་2000ཟིན་ཞིང་དུས་མཚམས་གསུམ་དུ་དབྱེ་ནས་བསྐྲུན་རྒྱུ་རེད། རིག་གནས་བཤམས་སྟོན་ཁང་བསྐྲུན་རྗེས་སྲོལ་རྒྱུན་རིག་གནས་འགྲེམས་སྟོན་དང་མྱོང་རོལ། དེ་བཞིན་ཐོན་རྫས་ཉོ་ཚོང་སོགས་གཅིག་ཏུ་སྒྲིལ་བའི་ནུས་པ་མང་བའི་བོད་ཀྱི་རིག་གནས་བཤམས་སྟོན་ལྟེ་གནས་སུ་འགྱུར་རྒྱུ་རེད།
བོད་ལྗོངས་གངས་ཏི་རིག་གནས་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་སྙན་ཤུལ་རྡོ་རྗེ་དོན་གྲུབ་ཀྱིས། བཤམས་སྟོན་ཁང་གི་དུས་མཚམས་དང་པོའི་འཆར་འགོད་ནི་ཐངགའི་སྒྱུ་རྩལ་ལྟེ་གནས་ཀྱིས་ལྟེ་བ་བྱས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་འཁྲབ་རྩལ་ཁུལ་དང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ལུས་གསོ་ཁུལ།བོད་ཀྱི་སྲོལ་རྒྱུན་རིག་གནས་འགྲེམས་སྟོན་མྱོང་རོལ་ཁུལ་སོགས་ནུས་ལྡན་ཁུལ་7ཆ་ལག་ཚང་བའི་སྒོ་ནས་བསྐྲུན་རྒྱུ་རེད། ཐང་གའི་སྒྱུ་རྩལ་ལྟེ་གནས་ནི་ཐང་གའི་རྟེན་རྫས་བཤམས་སྟོན་ཁང་དང་ཐང་གའི་ཉོ་ཚོང་ལྟེ་གནས། ཐང་གའི་ཞིབ་འཇུག་ལྟེ་གནས་སོགས་ལས་གྲུབ་ཡོད་པ་དང་།བཤམས་སྟོན་ཁང་གི་དུས་མཚམས་གཉིས་པ་དང་དུས་མཚམས་གསུམ་པའི་འཆར་འགོད་ནང་ཐང་གའི་སྒྱུ་རྩལ་སློབ་གྲྭ་དང་བོད་ཀྱི་སྲོལ་རྒྱུན་བཟོ་བཀོད་འཛུགས་སྐྲུན་སོགས་འགྲེམས་སྟོན་ཁུལ་གསར་སྐྲུན་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
ཤེས་རྟོགས་བྱུང་བར་གཞིགས་ན། “ཐོན་མི་གླིང·བོད་ཀྱི་སྒྱུ་རྩལ་རིག་གནས་བཤམས་སྟོན་ཁང”ནི་ལྷ་ས་གྲོང་ཁྱེར་གྱི་སྟག་རྩེ་རྫོང་དུ་གནས་ཡོད་པ་དང་ལྷ་ས་གྲོང་ཁུལ་དང་བར་ཐག་སྤྱི་ལེ་20མ་ཟིན་ཙམ་ཡོད། བཤམས་སྟོན་ཁང་གི་དུས་མཚམས་དང་པོའི་རྣམ་གྲངས་བསྐྲུན་རྗེས་ལས་ཞུགས་ལས་གནས་1000ཡན་མཁོ་འདོན་ཐུབ་པས་ས་ཆ་དེ་གའི་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པ་དང་། བཤམས་སྟོན་ཁང་བསྐྲུན་རྗེས་སྔོན་དཔག་བྱས་ན་ལོར་སྣེ་ལེན་ཞུ་བའི་མི་ཐེངས་ཁྲི་200ལྷག་ཙམ་ཟིན་གྱི་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10