སྡེ་ཚན་གསུམ་གྱིས་མཉམ་འབྲེལ་བྱས་ནས་རྒན་གསོ་ལས་ཁུངས་ཀྱི་འགན་འཁྲི་ཉེན་འགོག་འགན་སྲུང་ལམ་ལུགས་འཛུགས་པར་སྐུལ་འདེད་བཏང་།
མིག་དམར་གྱིས་བསྒྱུར། 2014-03-26
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། ཉེ་ཆར་དམངས་སྲིད་པུའུ་དང་ཀྲུང་གོའི་ཉེན་འགོག་འགན་སྲུང་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་ཀྱི་མི་རྒན་དོ་དམ་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་བྱས་ཏེ་《རྒན་གསོ་ལས་ཁུངས་ཀྱི་འགན་འཁྲི་ཉེན་འགོག་འགན་སྲུང་ལས་ཀར་སྐུལ་འདེད་གཏང་རྒྱུའི་སྐར་གྱི་ཁྲིད་སྟོན་བསམ་འཆར》བཏང་ནས་རྒན་གསོ་ལས་ཁུངས་ཀྱིས་འགན་འཁྲི་ཉེན་འགོག་འགན་སྲུང་ལ་མ་དངུལ་གཏོང་རྒྱུར་སྐུལ་སློང་བྱས་པ་རེད།
བསམ་འཆར་ནང་བསྟན་རྒྱུར། རྒན་གསོ་ལས་ཁུངས་ཀྱི་འགན་འཁྲི་ཉེན་འགོག་འགན་སྲུང་ལས་ཀར་སྐུལ་འདེད་གཏོང་བ་ནི་རྒན་གསོ་ཞབས་ཞུ་ལས་རིགས་ཀྱི་ཉེན་ཁ་འགན་བགོས་བྱ་རྒྱུའི་ནང་རྐྱེན་འཛུགས་སྐྱོང་བྱ་རྒྱུའི་གལ་ཆེའི་ནང་དོན་ཞིག་ཡིན་ལ། རྒན་གསོ་ལས་ཁུངས་ཀྱི་འགན་འཁྲི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རྒན་གསོ་ལས་ཁུངས་ནང་ཁུལ་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། འཁོར་སྐྱོད་ཚོང་གཉེར་གྱི་ཉེན་ཁ་དམའ་རུ་གཏོང་བ། མི་རྒན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་གལ་ཆེའི་བྱེད་ཐབས་ཤིག་ཡིན་པ་རེད།
བསམ་འཆར་ནང་བསྟན་རྒྱུར། རྒན་གསོ་ལས་ཁུངས་ཀྱི་ཉེན་འགོག་འགན་སྲུང་འགན་འཁྲི་དེས་མི་རྒན་དེ་རྒན་གསོ་ལས་ཁུངས་སུ་ཡོང་སྟེ་བསྡད་པ་ནས་ཞབས་ཞུ་དང་ལེན་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་དགོས། རྒན་གསོ་ལས་ཁུངས་ནང་བསྡད་པའི་མི་རྒན་ལ་འགན་འཁྲི་ཉེན་འགོག་འགན་སྲུང་དོན་རྐྱེན་བྱུང་རྗེས་ཉེན་འགོག་འགན་སྲུང་སྤྱི་གཉེར་ཁང་གིས་གན་རྒྱའི་ཁ་དན་ལྟར་དུས་ཐོག་ཏུ་སྐྱིན་ཚབ་སྤྲོད་པའི་འགྲོ་ལུགས་བསྒྲུབས་ཏེ་རྗེས་འཇུག་ལེགས་བསྡུས་ཀྱི་ལས་ཀ་སྒྲུབ་རོགས་བྱེད་དགོས།
ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་ཚན་གསུམ་གྱིས་མཉམ་འབྲེལ་བྱས་ནས་བསམ་འཆར་མ་སྤེལ་བའི་སྔོན་དུ་པེ་ཅིན་དང་ཧྲང་ཧེ། ཅང་སུའུ། ཀྲའེ་ཅང་། ཨན་ཧུའེ། ཧུའུ་པེ། ཀོང་ཏུང་བཅས་ས་གནས་སུ་རྒན་གསོ་ལས་ཁུངས་ཀྱི་འགན་འཁྲི་ཉེན་འགོག་འགན་སྲུང་ལས་ཀ་སྤེལ་ཡོད་པ་རེད།