བོད་ལྗོངས་ཀྱི་ཆེས་ཆེ་བའི་དངོས་རྫས་སྤེལ་རེས་འདུ་ཚོགས་ནང་ཞིང་འབྲོག་པ་ཁྲི་ཕྲག་ཁ་ཤས་ཚོང་འདུས་ལ་འོངས།

གངས་སྐྱིད་ཀྱིས་བསྒྱུར།        2014-12-17

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ12པའི་ཚེས1ཉིན་འབྱོར་བའི་གཏམ་གསར།  དུས་ཡུན་ཉིན7རིང་ལ་འཚོག་རྒྱུའི་བོད་ལྗོངས་ཡར་ཀླུང་གཙང་པོ་ས་ཁུལ་གྱི་དངོས་རྫས་སྤེལ་རེས་འདུ་ཚོགས་དེ་གོང་ཚེས་ཉིན་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་སྣེ་གདོང་རྫོང་དུ་སྤེལ་འགོ་བཙུགས།བོད་ལྗོངས་ཀྱི་རྫོང12དང་དེ་བཞིན་དུ་མཚོ་སྔོན།  སི་ཁྲོན་སོགས་ས་ཁུལ་ནས་ཡོང་བའི་ཚོང་པ5སྟོང་ལྷག་དང་མི་ཁྲི5.6སྤེལ་རེས་འདུ་ཚོགས་ལ་ཞུགས་ཡོད།   སྤེལ་རེས་འདུ་ཚོགས་འདི་ནི་མིག་སྔར་བོད་ལྗོངས་ཀྱི་ཆེས་ཆེ་བའི་དངོས་རྫས་སྤེལ་རེས་འདུ་ཚོགས་ཞིག་ཡིན་པས།   ཞིང་འབྲོག་པས་ཁྱད་ཆོས་ལྡན་པའི་ཐོན་རྫས་བཤམས་འཚོང་དང་ཡོང་འབབ་འཕར་སྣོན་གཏོང་བའི་གལ་ཆེའི་ཐབས་ལམ་དུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།   ཉིན་དེའི་སྔ་དྲོར་དགུན་ཁའི་ཉི་གཞོན་ཡར་ཀླུང་གཙང་པོའི་འབབ་རྒྱུད་དུ་ཤར་དུས་ཡུལ་འདི་གའི་ཡུལ་མིས་མདོང་མོ་རྒྱབ་ཏུ་ཁུར་ནས་ཕྱོགས་བཞི་མཚམས་བརྒྱད་ནས་འོངས་ཏེ་སྤེལ་རེས་འདུ་ཚོགས་ལ་འགྲོ་བཞིན་མཆིས།  གསར་འགོད་པས་དངོས་རྫས་སྤེལ་རེས་འདུ་ཚོགས་ཀྱི་ཡུལ་དངོས་སུ་རྩམ་པ་དང་།   ཇ།  ཞོག་ཁུག  ཤིང་ཕོར།  སྣམ་བུ་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་དང་ལག་བཟོའི་ཐོན་རྫས་རིགས་སྣ་ཚོགས་ཁྲ་ཁྲ་སིལ་སིལ་སྐོང་བའི་རྣམ་པ་མཐོང་བྱུང་།  ཚོང་པ་རྣམས་ཀྱིས་རང་ཉིད་ཀྱི་ཐོན་རྫས་ངོ་སྤྲོད་བྱེད་པར་བྲེལ་ནས་ཚོང་རྒྱག་པ་དང་གོང་བཤད་པའི་སྐད་སྒྲས་དངོས་རྫས་སྤེལ་རེས་ཀྱི་འདུ་ཚོགས་ཡོངས་སུ་ཁྱབ།   འཚོང་བའི་ཚོང་ཟོག་ནང་ཞིང་འབྲོག་པའི་ཆེད་ལས་ཁང་གིས་ཐོན་པའི་ཐོན་རྫས་ཡོད་ལ།   མི་སྒེར་གྱིས་ཐོན་པའི་ཐོན་རྫས་ཀྱང་ཡོད་པ་རེད།
    2014ལོར་འཚོགས་པའི་ཡར་ཀླུང་གཙང་པོ་ས་ཁུལ་གྱི་དངོས་རྫས་སྤེལ་རེས་འདུ་ཚོགས་་ནི1981ལོ་ནས་སྤེལ་འགོ་ཚུགས་ཏེ་ད་ལྟའི་བར་བདེ་བླག་ངང་སྐབས33འཚོགས་ཡོད་པ་རེད།   སྤེལ་རེས་ཀྱི་འདུ་ཚོགས་དེ་ཞིང་འབྲོག་ཁུལ་འཕེལ་རྒྱས་གཏོང་བ་དང་།  འཛད་སྤྱོད་རྒྱ་སྐྱེད་གཏོང་བ།   དཔལ་འབྱོར་གསོན་ཉམས་ལྡན་བཅུག་པ།  ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བའི་གལ་ཆེའི་ཐབས་ལམ་དུ་གྱུར་ཡོད་ལ།   ཞིང་འབྲོག་མང་ཚོགས་ཀྱི་ཚོང་རའི་འདུ་ཤེས་གསོ་སྐྱོང་བྱེད་པར་གལ་ཆེའི་ནུས་པའང་འདོན་སྤེལ་བྱས་དང་བྱེད་བཞིན་ཡོད་པ་རེད།
  • ལེ་ཚན་སྔོན་མ།:ཧྲན་ཏུང་ཞིང་ཆེན་ཀྲོའུ་ཕིང་གྲོང་སྡེའི་གྲོང་མིས་སྡེ་ཁུལ་གསར་པར་སྤོས་ཏེ་དྲོད་ལྡན་གྱི་དགུན་ཁ་སྐྱེལ།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱིས་རེས་སྐོར་གསར་པའི་ཞིང་བསྐྱུར་ནགས་འཛུགས་ལས་གྲྭ་སྤེལ་རིམ་ཞིང་པའི་འདོད་བློར་བརྩི་འཇོག་གང་ལེགས་བྱས།
  • དོ་སྣང་ཆེ་བའི་རྩོམ།