སི་ཁྲོན་གྱིས་རེས་སྐོར་གསར་པའི་ཞིང་བསྐྱུར་ནགས་འཛུགས་ལས་གྲྭ་སྤེལ་རིམ་ཞིང་པའི་འདོད་བློར་བརྩི་འཇོག་གང་ལེགས་བྱས།

མིག་དམར་གྱིས་བསྒྱུར།        2014-12-19

ཞིན་ཧྭ་གསར་འགྱུར་ཁང་ཁྲེན་ཏུའུ་ནས་ཟླ་བ12པའི་ཚེས11ཉིན་འབྱོར་བའི་གཏམ་གསར། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ས་ཁུལ་གཙོ་ཆེ་ཞིག་ཡིན་པའི་སི་ཁྲོན་གྱིས་ཚེས10ཉིན་རེས་སྐོར་གསར་པའི་ཞིང་བསྐྱུར་ནགས་འཛུགས་ལས་གྲྭ་སྤེལ་འགོ་ཚུགས་རྒྱུའི་དྲིལ་བསྒྲགས་བྱས་པ་རེད།རེས་སྐོར་སྔོན་མའི་ཞིང་བསྐྱུར་ནགས་འཛུགས་ལས་གྲྭ་སྤེལ་བ་དང་མི་འདྲ་བ་ནི་རེས་སྐོར་གསར་པའི་ཞིང་བསྒྱུར་ནགས་འཛུགས་ལས་གྲྭའི་ནང་ཞིང་པས་འདོད་བློ་ལྟར་ཤིང་སྡོང་ཅི་འདྲ་འཛུགས་འདོད་ཡོད་ན་དེ་འདྲ་འཛུགས་ཆོག་པ་རེད།ནགས་ཚལ་བདག་དབང་ལམ་ལུགས་བཅོས་བསྒྱུར་དང་ཞིང་སྡེ་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་བ་དང་བསྟུན་ནས་སི་ཁྲོན་གྱིས་རེས་སྐོར་གསར་པའི་ཞིང་བསྐྱུར་ནགས་འཛུགས་ལས་གྲྭ་ལག་བསྟར་བྱེད་རིམ་དཔལ་འབྱོར་ནགས་ཚལ་དང་སྐྱེ་ཁམས་ནགས་ཚལ་འདེབས་འཛུགས་བྱེད་པའི་བསྡུར་ཚད་མི་བགོ་ཞིང་།ཞིང་པས་རང་ཉིད་ཀྱི་འདོད་བློར་གཞིགས་ནས་ཤིང་འཛུགས་བྱེད་ཆོག་པས་མ་ཚད་རང་མོས་ཀྱི་རྨང་གཞིའི་ཐོག་ཁྱིམ་ཚང་ནགས་ར་དང་ཆེད་ལས་མཉམ་ལས་རྩ་འཛུགས་སོགས་ཀྱི་རྣམ་པར་བརྟེན་ནས་ནགས་འཛུགས་བྱེད་སར་གཅིག་འགྱུར་གྱིས་དོ་དམ་དང་གཉེར་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།དེས་སི་ཁྲོན་གྱིས་ཞིང་པའི་འདོད་བློར་དེ་བས་བརྩི་འཇོག་བྱས་པ་མཚོན་ཡོད་ཅིང་།ནགས་ལས་དཔལ་འབྱོར་སྐྱེ་ཁམས་ཅན་དང་ནགས་ལས་སྐྱེ་ཁམས་དཔལ་འབྱོར་ཅན་དུ་ཡོང་བ་དེ་དངོས་སུ་དོན་འཁྱོལ་བྱེད་འགོ་བཙུགས་ཡོད།ཞིང་པའི་འདོད་བློར་བརྩི་འཇོག་དང་ཕྱི་རོལ་ཡུལ་གྱི་དངོས་ཡོད་ལ་བརྩི་འཇོག་བྱ་རྒྱུ་ནི་ཞིང་བསྐྱུར་ནགས་འཛུགས་ལས་གྲྭ་ལག་ལེན་བསྟར་བའི་བྱེད་ཐབས་ཡག་པོ་ཞིག་ཡིན་ལ།རེས་སྐོར་གསར་པའི་ཞིང་སྡེ་བཅོས་བསྒྱུར་བྱེད་རིམ་མངོན་གསལ་དོད་པོའི་ཁྱད་ཆོས་ཀྱང་ཡིན་པ་རེད།
རྒྱལ་ཁབ་ཀྱི་བཀོད་སྒྲིག་ལ་གཞིགས་ན།སི་ཁྲོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ལ་རེས་སྐོར་གསར་པའི་ཞིང་བསྐྱུར་ནགས་འཛུགས་ཀྱི་ལས་གྲྭ་སྤེལ་བའི་དུས་ཚོད་ནི2014ལོ་ནས2020བར་དང་ཤིང་འཛུགས་པའི་གཞི་ཁྱོན་མུའུ་ཁྲི334.65ལ་ཟིན་རྒྱུའི་ལས་འགན་སྤྲད་ཡོད།  བླང་བྱར་གཞིགས་ན། ཞིང་བསྐྱུར་ནགས་འཛུགས་བྱ་ཡུལ་དེ་གཟར་ཚད་ཏུའུ25ཡན་ལ་ཡིན་པའི་གཞི་རྩའི་ས་ཞིང་མིན་པའི་རི་རྨོ་ཞིང་ཡིན་པར་ཚོད་འཛིན་ནན་པོ་བྱས་ཡོད།ཤིང་རིགས་ཅི་འདྲ་འཛུགས་རྒྱུ་ལ་ཞིང་པའི་འདོད་བློར་བརྩི་འཇོག་བྱེད་རྒྱུ་དེ་མི་རྣམས་ཀྱིས་དོ་སྣང་བྱ་ཡུལ་གཙོ་བོར་གྱུར་པ་རེད། 
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་ཆེས་ཆེ་བའི་དངོས་རྫས་སྤེལ་རེས་འདུ་ཚོགས་ནང་ཞིང་འབྲོག་པ་ཁྲི་ཕྲག་ཁ་ཤས་ཚོང་འདུས་ལ་འོངས།
  • ལེ་ཚན་རྗེས་མ།:ཧུའུ་པེའི་ཞིང་སྡེ་གསར་པའི་ནང་ཁྲིམས་ལུགས་ཁྱབ་གདལ་གཏོང་བ་དེ་ཡུལ་ལྗོངས་ཤིག་ཏུ་ཆགས།
  • དོ་སྣང་ཆེ་བའི་རྩོམ།