2014ལོའི་ཀྲུང་གོའི་ཚོགས་ཆེན་གཉིས་ལ་ཀུན་གྱིས་དོ་སྣང་བྱེད་པའི་དོན་ཆེན་བཅུ།
གངས་སྐྱིད་ཀྱིས་བསྒྱུར། 2014-03-11
ཞིན་ཧྭ་གསར་འགྱུར་ཁང་ནས་ཟླ་བ3པའི་ཚེས1ཉིན་འབྱོར་བའི་གཏམ་གསར། 2014ལོ་ནི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་གཏོང་བའི་ལོ་དང་པོ་ཡིན་པ་རེད། རྒྱལ་ཡོངས་ཚོགས་ཆེན་གཉིས་མ་འཚོག་སྔོན་དུ་དྲ་ཚུགས་ཐོག་ནས་དམངས་འདོད་ལ་བརྟག་དཔྱད་བྱས་པ་ལས་མཚོན་རྒྱུར། བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏང་རྒྱུའི་འཆར་གཞི་གང་འདྲ་བྱས་ནས་དོན་འཁྱོལ་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་པ་དེང་རབས་ཅན་དུ་གང་འདྲ་བྱས་ནས་སྐུལ་འདེད་གཏང་རྒྱུ། མི་སེར་ཡིད་ནང་གི་སེམས་ཁྲལ་གང་འདྲ་བྱས་ནས་སེལ་རྒྱུ། བཟའ་བཅའ་ཉེན་མེད་བདེ་འཇགས་ལ་གང་འདྲ་བྱས་ནས་ལྟ་སྐྱོང་བྱ་རྒྱུ་སོགས་ཀུན་གྱིས་དོ་སྣང་བྱེད་པའི་གནད་དོན་ལ་དོ་སྣང་ཆེན་པོ་བྱས། མི་སེར་རྣམས་ཀྱིས་གནད་དོན་འདི་དག་ཚོགས་ཆེན་གཉིས་ཐོག་ལན་བུ་ཡོད་པར་རེ་སྒུག་བྱས་དང་བྱེད་བཞིན་ཡོད་པ་རེད།
དོ་ཁུར་བྱ་རྒྱུའི་གནད་དོན་དང་པོ་ནི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་འགོ་ཚུགས།
ད་ལོར་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་ཐེངས་དང་པོར་འཚོག་པའི་ཚོགས་ཆེན་གཉིས་ཡིན་པས། སྲིད་འཛིན་ཏང་གིས་གཏན་འབེབས་བྱས་པའི་བཅོས་བསྒྱུར་ཁྱོན་ཡོངས་་ནས་གཏིང་ཟབ་ཏུ་སྤེལ་རྒྱུའི་དམིགས་ཡུལ་དེ་རྒྱལ་ཁབ་ཀྱི་འདུ་ཤེས་དང་སྲིད་གཞུང་གི་ཇུས་བཀོད་ཐོག་འདེགས་སྐྱོང་བྱ་རྒྱུ་རེད།
མཇུག་འབྲས་ཀྱིས་འགོ་ཚུགས་པར་རག་ལས་པས། སྐབས་གསར་པའི་ཀྲུང་དབྱང་སྲིད་གཞུང་གིས་བཅོས་བསྒྱུར་གྱི་འཆར་འགོད་ཨང་དང་པོ་སྤྲོད་རྒྱུ་དེ་མི་སེར་གྱི་མིག་རྒྱང་ལ་ཤུགས་རྐྱེན་ཐེབས་པ་རེད།
དོ་ཁུར་བྱ་རྒྱུའི་གནད་དོན་གཉིས་པ་ནི་རྒྱལ་ཁབ་ཀྱི་བདག་སྐྱོང་མ་ལག་འཐུས་ཚང་དང་བདག་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏང་རྒྱུ།
བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་རྒྱུའི་སྤྱིའི་དམིགས་ཡུལ་གྱི་ནང་དོན་གལ་ཆེན་ཡིན་པའི་ཆ་ནས་བཤད་ན། རྒྱལ་ཁབ་ཀྱི་བདག་སྐྱོང་མ་ལག་འཐུས་ཚང་དང་བདག་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གང་འདྲ་ཞིག་གཏང་རྒྱུ་དེ་ད་ལོའི་ཚོགས་ཆེན་གཉིས་འཚོགས་ཚུན་ཀུན་གྱིས་དོ་སྣང་བྱེད་པའི་གྲོས་དོན་དུ་འགྱུར་ངེས་རེད། བཅོས་བསྒྱུར་ཡག་པོ་བྱེད་ཐུབ་ན། རང་རྒྱལ་ནི་འདྲ་གཞུང་དང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་ཐུབ་ལ། དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་གྲལ་དུའང་འཇུག་ཐུབ་པ་རེད།
དོ་ཁུར་བྱ་རྒྱུའི་གནད་དོན་གསུམ་པ་ནི་རྒྱུན་ཆད་མེད་པར་རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏང་རྒྱུ།
རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ནི་ལོ་རེ་རེར་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་དོ་སྣང་བྱེད་སའི་གནད་དོན་ཞིག་ཡིན་ཞིང་། ད་ལོ་ནི་མི་སེར་གྱིས་དེ་བས་དོ་སྣང་བྱས་པའི་མདོ་གནས་སུ་རྒྱུར། འདས་པའི་ལོ་གཅིག་ནང་ཀྲུང་དབྱང་གིས་སྟག་སྦྲང་མཉམ་རྡུང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཞིང་ཆེན་དང་པུའུ་རིམ་པའི་དཔོན་ཆེན་གཅིག་རྗེས་གཉིས་མཐུད་དུ་འཛིནབཟུང་བྱས་པའི་དུས་མཚུངས་སུ། བྱ་སྤྱོད་ངན་པོ་བཞིར་ངོ་རྒོལ་བྱས་ཏེ་ཕན་ནུས་མངོན་གསལ་དོད་པོ་ཐོབ་ཡོད་ཅིང་། གཞུང་དངུལ་སྤྱད་དེ་ཧམ་བཟའ་བྱེད་པ་དང་འབུལ་རྟེན་བསྐྱལ་བ་སོགས་མང་ཚོགས་ཀྱི་འགྲམ་དུ་བྱུང་བའི་རུལ་སུངས་ཚང་མ་གབ་ས་མེད་པར་བཟོས་ཡོད། འཕོ་འགྱུར་ཏན་ཏན་ཏིག་ཏིག་བྱུང་བ་དེའི་ཐོག་ནས་མི་སེར་ལ་ཀྲུང་དབྱང་གིས་རུལ་རུངས་ལ་ངོ་རྒོལ་བྱ་རྒྱུའི་ཆོད་སེམས་མཐོང་བཅུག་ཡོད། གང་འདྲ་བྱས་ཏེ་ལམ་ལུགས་དངོས་གནས་སྤྱད་དེ་དབང་ཆར་ཚོད་འཛིན་བྱེད་པ་དང་། གང་འདྲ་བྱས་ཏེ་ཀུན་སྤྱོད་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱུན་ལྡན་ཅན་དང་དུས་ཡུན་རིང་པོའི་ཕན་ནུས་ཅན་དུ་འགྱུར་བར་མི་རྣམས་ཀྱིས་རེ་སྒུག་ཆེན་པོ་བཅངས་པ་རེད།
དོ་ཁུར་བྱ་རྒྱུའི་གནད་དོན་བཞི་པ་ནི་སྨུག་པའི་ཤུགས་རྐྱེན་མེད་པ་བཟོ་རྒྱུ།
ད་ལོའི་ས་གནས་ཀྱི་ཚོགས་ཆེན་གཉིས་འཚོག་སྐབས་སྨུག་པ་བདག་སྐྱོང་བྱ་རྒྱུ་དེ་ས་གནས་སོ་སོའི་སྲིད་གྲོས་ཨུ་ཡོན་དང་དམངས་ཆེན་འཐུས་མི་ཚོས་ཡང་ཡང་དུ་བཏོན་པའི་གནད་དོན་ཞིག་རེད། ས་གནས་སོ་སོས་བྱེད་ཐབས་མང་པོ་བླངས་ཏེ་སྨུག་པའི་ཤུགས་རྐྱེན་ལ་བདག་སྐྱོང་བྱས་ཡོད། རྒྱལ་ཡོངས་ཚོགས་ཆེན་གཉིས་མ་འཚོག་སྔོན་དུ་སྨུག་པའི་གནམ་གཤིས་ཀྱིས་སྦྲེལ་མཐུད་ཀྱི་ཉིན་དགའ་ནང་རྒྱལ་ཡོངས་ཀྱི་དབུས་རྒྱུད་དང་ཤར་རྒྱུད་ས་ཁུལ་དུ་ཁེབས་པས། མི་རྣམས་ཀྱིས་ཁོར་ཡུག་བདག་སྐྱོང་བྱ་རྒྱུའི་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་དེ་བས་སེམས་ཁུར་ཆེན་པོ་བྱས་པ་རེད།
དོ་ཁུར་བྱ་རྒྱུའི་གནད་དོན་ལྔ་པ་ནི་མིའི་གྲོང་རྡལ་ཅན་དུ་འགྱུར་བར་མཐོང་ཆེན་དེ་བས་བྱས།
གང་འདྲ་བྱས་ནས་རྣམ་པའི་གསར་པའི་གྲོང་རྡལ་ཅན་དུ་སྐྱོད་རྒྱུ་ནི་ད་ལོའི་ཚོགས་ཆེན་གཉིས་ཀྱིས་དོ་སྣང་བྱེད་པའི་གནད་དོན་ཡིན་ཞིང་། གང་འདྲ་བྱས་ནས་མིའི་གྲོང་རྡལ་ཅན་དུ་འགྱུར་བར་སྐུལ་འདེད་ནས་མི་རྣམས་ལ་གྲོང་རྡལ་དུ་བདེ་སྡོད་ལས་བརྩོན་བྱེད་འཇུག་པ་ནི་མི་སེར་གྱིས་རེ་བ་བཅོལ་ས་ཡིན་པ་རེད།
དོ་ཁུར་བྱ་རྒྱུའི་གནད་དོན་དྲུག་པ་ནི་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏང་རྒྱུ།
རང་རྒྱལ་རྒན་བགྲེས་ཅན་གྱི་སྤྱི་ཚོགས་སུ་སྐྱོད་པ་དང་ཆབས་ཅིག རྒན་གསོའི་གནད་དོན་ལ་དོ་སྣང་ཆེན་པོ་བྱས་པ་རེད། རྒན་གསོའི་མ་དངུལ་ད་རུང་མཐོ་རུ་གཏོང་ཐུབ་མིན་དང་། རྒན་གསོའི་ཉལ་ཁྲི་དེ་བས་འདང་ངེས་ཡོང་ཐུབ་མིན། རྒན་གསོའི་འགྲོ་ལུགས་གཉིས་ཀྱི་ལམ་ལུགས་དུས་གང་ཞིག་ཏུ་མེད་པ་བཟོ་རྒྱུ་སོགས་ཀྱི་གནད་དོན་སྐོར་མི་ཚང་མས་ཚོགས་ཆེན་གཉིས་ཀྱི་ཐོག་ནས་འཕྲིན་བཟང་དེ་བས་ཡག་པོ་ཐོས་པར་རེ་སྒུག་བྱེད་བཞིན་ཡོད་པ་རེད།
དོ་ཁུར་བྱ་རྒྱུའི་གནད་དོན་བདུན་པ་ནི་སློབ་གྲྭར་ཞུགས་པ་དང་། ནད་བསྟེན་རྒྱུ། བདེ་སྡོད། རྒན་གསོའི་གནད་དོན་བཅས་ཐག་གཅོད་བྱ་རྒྱུར་བྱེད་ཐབས་གསར་པ་སྣོན་རྒྱུར་རེ་སྒྲེངསྒུག་བྱས་དང་བྱེད་བཞིན་ཡོད།
སློབ་གྲྭར་ཞུགས་དཀའ་བ་དང་། ནད་སྟན་དཀའ་བ། ཁང་པ་ཉོ་དཀའ་བ་སོགས་མི་སེར་གྱི་དམངས་འཚོ་དང་འབྲེལ་བ་ཡོད་པའི་གནད་དོན་འདི་དག་ནི་ལོ་སྟག་པར་ཀུན་གྱིས་དོ་སྣང་བྱས་པའི་གནད་དོན་ཡིན་ཞིང་། འདི་ནི་མི་སེར་ཚོའི་སེམས་སུ་སྲིད་གཞུང་གིས་སྟོབས་ཤུགས་དེ་བས་ཆེན་པོ་འདོན་པར་རེ་སྒུག་བྱེད་པའི་རྣམ་པ་མཚོན་རེད།
མི་དེ་བས་མང་པོར་སློབ་གསོ་དེ་བས་ཡག་པོ་ཐོབ་ཐུབ་པ་དང་། སྨན་བཅོས་ཞབས་ཕྱི་དེ་བས་ཡག་པོ་སྒྲུབ་ཐུབ། སྡོད་ཁང་གི་འགན་སྲུང་དེ་བས་ཡག་པོ་ཡོད་པ་བྱེད་དགོས་ན། མ་དངུལ་མང་པོ་གཏོང་དགོས་པར་མ་ཟད། ད་རུང་འདྲ་མཉམ་གྱི་ལམ་ལུགས་བཟོ་འགོད་བྱེད་པར་དོ་སྣང་བྱེད་དགོས་པ་རེད།
དོ་ཁུར་བྱ་རྒྱུའི་གནད་དོན་བརྒྱད་པ་ནི་བཟའ་བཅའི་ཉེན་མེད་ལ་ལྟ་སྐྱོང་བྱ་རྒྱུ་དེ་རེད།
མི་དམངས་དྲ་ཚུགས་ཀྱིས་བརྟག་དཔྱད་བྱེད་པའི་ཁྲོད་དུ་ཁྲི40ལས་བརྒལ་བའི་དྲ་མིས་བཟའ་བཅའི་ཉེན་མེད་གནད་དོན་ལ་དོ་སྣང་བྱས་དང་བྱེད་བཞིན་པ་རེད། སྐབས་འདིའི་སྲིད་གཞུང་གིས་ཚད་གཞི་དེ་བས་མཐོན་པོའི་རྒྱལ་ཁབ་ཀྱི་བཟའ་བཅའ་དང་སྨན་རྫས་ཀྱི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གསར་འཛུགས་བྱས་ཏེ་སྔོན་མར་བཟའ་བཅའི་ཉེན་མེད་ཀྱི་གནད་དོན་ལ་ཕྱོགས་མང་པོས་བདག་སྐྱོང་བྱེད་པའི་སྐྱོན་ཆ་མེད་པབཟོས་ཆེད་ཡིན་པ་རེད།
ལོ་གཅིག་གི་རིང་ལ། སྐབས་གསར་པའི་སྲིད་གཞུང་གིས་བཟའ་བཅའི་ཉེན་མེད་གནད་དོན་ལ་སྒྲིག་ལམ་དམ་པོ་བཞག་ཡོད། ཀྲུང་དབྱང་གི་ཞིང་སྡེའི་ལས་ཀའི་གྲོས་ཚོགས་ཐོག་བསྟན་དོན། ཆེས་གཟབ་ནན་གྱི་དམིགས་ཚད་དང་། ཆེས་གཟབ་ནན་གྱི་ལྟ་སྐུལ། ཆེད་དྲག་པོའི་ཆད་གཅོད། ཆེས་གཟབ་ནན་གྱི་འགན་འཁྲི་བདའ་འདེད་གཏོང་བ་བཅས་བྱས་ཏེ་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་བཟའ་བཅའི་ཉེན་མེད་ལ་འགན་སྲུང་ནན་པོ་བྱས་ཡོད་པ་རེད། གང་འདྲ་བྱས་ནས་ནན་པོ་བཞིའི་བླང་བྱ་དོན་འཁྱོལ་བྱ་རྒྱུ་ནི་མི་སེར་གྱིས་སྲིད་གྲོས་ཨུ་ཡོན་དང་དམངས་ཆེན་གྱི་འཐུས་མི་ཚོས་ཇུས་གཞི་བཟང་པོ་འདོན་པར་རེ་སྒྲུག་བྱེད་བཞིན་ཡོད་པ་རེད།
དོ་ཁུར་བྱ་རྒྱུའི་གནད་དོན་དགུ་པ་པ་ནི་ཡོང་འབབ་བགོ་བཤའི་བཅོས་བསྒྱུར་བྱེད་ཤུགས་ཆེ་རུ་གཏོང་དགོས།
དཔལ་འབྱོར་རྒྱུན་མཐུད་དང་མགྱོ གས་མྱུར་ངང་གོང་འཕེལ་བྱུང་བར་བརྒྱུད། རང་རྒྱལ་ནི་འཛམ་གླིང་ཐོག་ཨང་གཉིས་པའི་དཔལ་འབྱོར་གཞི་གཅིག་ཞིག་ཏུ་ཆགས་ཡོད། དུས་མཚུངས་སུ་མངོན་གསལ་དོད་པོ་ལྡན་པའི་ལས་རིགས་བར་གྱི་ཧེ་བག་དང་། ས་ཁོངས་བར་གྱི་ཧེ་བག གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག་ཚང་མར་མཐོང་ཆུང་བྱེད་མི་ཉན། འཕེལ་རྒྱས་བཏང་བའི་གྲུབ་འབྲས་ཇེ་མ་ཇེ་བཞིན་དེ་བས་ཆེན་པོ་ཐོབ་ཡོད་པས། མི་རྣམས་ཀྱིས་གྲུབ་འབྲས་ཡག་པོ་དེ་དེ་བས་དྲང་གཞུང་གིས་བགོ་བཤའ་བྱ་རྒྱུར་རེ་སྒུག་བྱེད་བཞིན་ཡོད་རེད།
དོ་ཁུར་བྱ་རྒྱུའི་གནད་དོན་བཅུ་པ་ནི་ལས་ཞུགས་ཀྱི་དཀའ་གནད་ཐག་གཅོད་བྱས་ཏེ་ལས་སྐྲུན་གྱི་ཁོར་ཡུག་སྐྲུན་དགོས།
འབྲེལ་ཡོད་གྲངས་ཚད་ནས་མཚོན་རྒྱུར། 2014ལོར་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ཁྲི727ལ་སླེབས་པས། སློབ་གྲྭ་ཆེན་མོའི་སློབ་ཐོན་སློབ་མས་ལས་ཀ་རག་རྒྱུའི་གནོན་ཤུགས་སྔར་ལས་ཆེ་བ་དང་ ད་ལོ་ལའང་ལས་ཀ་ཆེས་རག་དཀའ་བའི་ལོ་ལ་རྩིས་བཞིན་ཡོད་པ་རེད།
མི་རྣམས་ཀྱིས་ཚོགས་ཆེན་གཉིས་ཀྱི་ཐོག་ནས་ན་གཞོན་གྱིས་ལས་སྐྲུན་བྱེད་པར་སྐུལ་མ་གཏོང་བའི་དགེ་མཚན་ལྡན་པའི་བརྡ་འཕྲིན་དེ་བས་མང་པོ་རིམ་བརྒྱུད་བྱེད་པ་དང་། ལས་སྐྲུན་བྱས་པར་བརྟེན་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ལས་སྐྲུན་བྱ་རྒྱུའི་གསོན་ཤུགས་ལ་སྐུལ་སློང་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་པ་རེད། ལས་སྐྲུན་ལ་སྐུལ་མ་གཏོང་བར་སྲིད་གཞུང་གིས་བྱེད་ཐབས་དེ་བས་མང་པོ་བླངས་པར་མཁོ་དགོས་ཡོད་ལ། སྤྱི་ཚོགས་ཀྱིས་ཁོར་ཡུག་དེ་བས་ཡག་པོ་སྐྲུན་པ་ལའང་མཁོ་དགོས་ཡོད་པ་རེད།