ཝང་ཆི་ཧྲན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།
ཞིན་ཧྭ་གསར་འགྱུར་དྲ་བ། 2014-03-04
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ཚོགས་འདུ་བསྡུས་ཏེ།རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་པའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ཏེ།རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་ལེགས་སྒྱུར་བྱེད་པ་དང་།ལྟ་སྐུལ་ལམ་ལུགས་གསར་སྐྲུན་བྱེད་པ།རང་ཉིད་ལ་ལྟ་རྟོག་བྱེད་པར་ཤུགས་སྣོན་པ་བཅས་བྱས་ཏེ།སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གྱོད་དོན་ཐམས་ཅད་མངོན་གསལ་སྒོས་ཡོངས་སྒྲོག་བྱེད་དགོས་པའི་རེ་བ་བཏོན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་ཚོགས་འདུར་མགོ་འཛིན་མཛད།
ཚོགས་འདུའི་སྟེང«སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གྱོད་གཞི་ཐམས་ཅད་མངོན་གསལ་སྒོས་ཡོངས་སྒྲོག་བྱེད་པའི་སྐོར་གྱི་བརྡ་སྦྱོར»ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།བརྡ་སྦྱོར་ལས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བ་མ་ཟད་ཏང་གི་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པའི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་།སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལས་བྱེད་པ།མི་དམངས་ཚོགས་པ་སོ་སོ།རྒྱལ་དབང་ཁེ་ལས་དང་ལས་དོན་ལས་ཁུངས།དངུལ་ལོར་ལས་ཁུངས་བཅས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་གཉེར་བའི་ལས་བྱེད་པ་ཐམས་ཅད་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་པུའུ་ཡི་དྲ་ཚིགས་སྟེང་མངོན་གསལ་སྒོས་ཡོངས་སྒྲོག་བྱེད་དགོས་ལ།ཡོངས་སྒྲོག་གི་ནང་དོན་ལ་སྒྲིག་ཁྲིམས་དང་འགལ་མཁན་གྱི་མིང་དང་ལས་ཁུངས།གོ་གནས།སྒྲིག་ཁྲིམས་དང་འགལ་བའི་དོན་དག་གཙོ་བོ་དང་ཆད་པ་བཅད་པའི་མཇུག་འབྲས་བཅས་འདུ་དགོས་པའི་རེ་བ་བཏོན་ཡོད།
ཚོགས་འདུའི་སྟེང་ཀུན་སྤྱོད་གནད་དོན་ནི་ཡོ་བསྲང་བྱེད་དཀའ་བ་དང་ཡང་བསྐྱར་འབྱུང་སླ་བ་ཞིག་ཡིན་ལ་བསྒྱུར་ཐེངས་གཅིག་གིས་བསྒྱུར་དཀའ་བས།སྤྱོད་ངན་བཞི་ལ་དམ་དུ་དམིགས་ཏེ་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་ཇི་མ་ཇི་བཞིན་དུ་དངོས་འབེབ་བྱེད་དགོས།མངོན་གསལ་སྒོས་ཡོངས་སྒྲོག་བྱེད་པ་ནི་ཀུན་སྤྱོད་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་།དེ་སྲ་བརྟན་དུ་གཏོང་བ་དང་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་གལ་ཆེན་ཡིན་ལ།ལྟ་རྟོག་ཇེ་དམ་དུ་གཏོང་བའི་ལམ་ལུགས་གསར་སྐྲུན་ཡིན་པ་དང་།ཏང་དོན་ཡོངས་སྒྲོག་གི་ལག་ལེན་འཚོལ་ཞིབ་ཡིན་པས།མངོན་གསལ་སྒོས་ཡོངས་སྒྲོག་བྱེད་པའི་རྒྱུན་ལྡན་གྱི་ལམ་ལུགས་འཛུགས་པ་དང་།ཏང་ནང་ཁུལ་དང་མི་དམངས་ཚོགས་ཀྱི་ལྟ་རྟོག་ནུས་པ་འདོན་སྤེལ་བྱས་ཏེ།གཟི་ཤུགས་ཆེན་པོ་ལྡན་ལ་སྒྲིག་ཁྲིམས་དང་འགལ་མི་ཕོད་པའི་སྣང་ཚུལ་ཞིག་བསྐྲུན་དགོས་ཞེས་བསྟན།
ཚོགས་འདུའི་སྟེང་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རྩ་འཛུགས་ལམ་ལུགས་དང་ལྟ་རྟོག་ལམ་ལུགས་གསར་སྐྲུན་བྱེད་པ་དང་།སྣེ་ཁྲིད་དེ་རང་ཉིད་ལ་ལྟ་རྟོག་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས།སྤྱོད་ངན་བཞིའི་གནད་དོན་ཐད་ནས་སྤོབས་པ་ཆེ་དགོས་ལ་སྒྲིག་ལམ་དམ་དགོས།བསམ་བཞིན་དུ་གྱོད་དོན་གསང་མཁན་དང་གྱོད་དོན་ལ་ཞིབ་བཤེར་མི་བྱེད་མཁན་ཡོད་ན་འབྲེལ་ཡོད་མགོ་ཁྲིད་ཀྱི་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས་ཞེས་ནན་གྱིས་བསྟན།