ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-01-17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དང་པོའི་ཚེས15ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཚོགས་ཡིད་རྟོན་མ་ལག་མྱུར་དུ་འཛུགས་སྐྲུན་དང་། དྲང་གཞག་དང་ཡིད་རྟོན་གྱི་དཔལ་འབྱོར་སྤྱི་ཚོགས་ཁོར་ཡུག་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་བྱས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་།
 
གྲོས་ཚོགས་སྟེང2014ལོ་ནས2020ལོའི་བར་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྲུན་ཇུས་གཞི་རྩ་གནད་ལ་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་བར་མ་ཟད། གཅིག་ནས་སྲིད་དོན་ཡིད་རྟོན་དང་ཚོང་དོན་ཡིད་རྟོན། སྤྱི་ཚོགས་ཡིད་རྟོན་བཅས་འདུས་པའི་སྤྱི་ཚོགས་ཡིད་རྟོན་མ་ལག་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་པ་དང་། གཉིས་ནས་རྨང་གཞི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ས་གནས་དང་ལས་རིགས་ཀྱི་ཡིད་རྟོན་ཆ་འཕྲིན་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། གསུམ་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་བཀོལ་སྤྱོད་བཟང་བོ་བྱས་ནས། ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆགས་པར་བྱེད་དགོས། བཞི་ནས་ཁྲིམས་འཛུགས་བྱ་བ་མྱུར་དུ་བསྒྲུབ་སྟེ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། ཚད་ལྡན་མ་ལག་བཅས་འཐུས་ཚང་དུ་གཏོང་བའི་རྨང་གཞི་རང་བཞིན་གྱི་བྱ་བ་བཟང་བོར་བསྒྲུབ་དགོས་པ་བཅས་ཀྱི་རེ་བ་བཏོན།
 
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་རྒྱུ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་ལ་བརྒྱུད་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པས། བཅོས་བསྒྱུར་དང་གསར་བསྐྲུན་བྱེད་པར་བརྟེན་ནས་དེར་ཧུར་ཐག་སྒོས་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོ་ཡིད་རྟོན་མ་ལག་ཁྲོད་འཇོག་དགོས་ལ། ཟས་རིགས་དང་སྨན་རྫས་བདེ་འཇགས། སྤྱི་ཚོགས་འགན་སྲུང། དངུལ་ལོར་སོགས་ཁྱབ་ཁོངས་གཙོ་བོ་སྔར་ལས་ལྷག་པའི་སྒོ་ནས་འཛུགས་སྐྲུན་བྱེད་དགོས་ཟེར།
 
གྲོས་ཚོགས་སྟེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་། ཚོགས་ཐོག་ནས་བསྟན་དོན། བདེ་འཇགས་ཐོན་སྐྱེད་དེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པས། ཁྲིམས་འཛིན་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་དམ་འཛིན་ལྷོད་མེད་བྱས་ནས། བདེ་འཇགས་ཐོན་སྐྱེད་ཐད་དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར། ཚོགས་ཐོག་ནས་འཆར་ཟིན་དེ་སྔར་ལས་བཟོ་བཅོས་བྱས་རྗེས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།
 
གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།  ། 
  • ལེ་ཚན་སྔོན་མ།:མགོ་ལོག་ཁུལ་གྱིས་བོད་སྐད་ཡིག་སྦྱོང་བར་ཤུགས་བསྣན་པ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།