དབྱི་རག་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་འགའ་བྱུང་ནས་མི30ལྷག་ཤི་རྨས་བྱུང་།
མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-12-31
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས29ཉིན་བཤད་རྒྱུར།དབྱི་རག་ནས་ཉིན་དེར་འཇིག་སྐུལ་དྲག་ཤུགས་འཇབ་རྒོལ་མང་པོ་བྱུང་ནས།ཉུང་མཐར་ཡང་མི10རྐྱེན་ལམ་དུ་ཤོར་བ་དང་།མི22ལ་རྨས་ཕོག་ཟེར།
དབྱི་རག་གི་ཉེན་རྟོག་པས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར།རྒྱལ་ས་པ་ཀི་ཏའི་བྱང་ཕྱོགས་ཀྱི་སྤྱི་ལེ་བཞི་བརྒྱའི་མཚམས་ནས་ཡོད་པའི་མོ་སུའུ་ཨར་ནས་ཉིན་དེར་དམག་དཔུང་གི་ཞིབ་བཤེར་ས་ཚིགས་ལ་དམིགས་པའི་རང་སྲོག་བཅད་དེ་རླངས་འཁོར་འགས་གཏོར་བཏང་བའི་འཇབ་རྒོལ་དོན་རྐྱེན་བྱུང་ནས།ཉུང་མཐར་ཡང་དཔོན་དམག7རྐྱེན་ལམ་དུ་ཤོར་བ་དང་།མི11ལ་རྨས་ཕོག་ཟེར།
པ་ཀི་ཏའི་ནུབ་ཕྱོགས་ཀྱི་སྤྱི་ལེ་ཉེར་ལྔའི་མཚམས་ཀྱི་ཨ་པུའུ་ཀི་ལེ་པུའུ་ས་ཁུལ་ནས།སུ་ཡིན་མི་ཤེས་པའི་དྲག་ཆས་མི་སྣ་སྐོར་ཞིག་གིས་སད་རྟོགས་ཨུ་ཡོན་ལྷན་ཁང་ཞེས་པའི་ཁོངས་མི་ལ་མེ་མདས་བརྒྱབ་སྟེ།ཁོངས་མི2བསད་པ་དང་།མི5རྨས།སད་རྟོགས་ཨུ་ཡོན་ལྷན་ཁང་ནི་སྲིད་གཞུང་དང་འབྲེལ་བ་ཟབ་པའི་ཞུང་ཉི་ཕྱོགས་ཁག་གི་དམངས་དམག་རྩ་འཛུགས་ཤིག་ཡིན་ལ།རྒྱུན་དུ་རྟེན་གཞི་སོགས་དྲག་ཆས་རྩ་འཛུགས་ཀྱི་འཇབ་རྒོལ་དམིགས་འབེན་དུ་འགྱུར་བཞིན་ཡོད།དེས་མི་ཚད་པ་ཀི་ཏའི་ལྷོ་ནུབ་ཕྱོགས་ཀྱི་ཅི་ཧ་ཏི་ས་ཁུལ་ནས་ཀྱང་ལམ་འགྲམ་དུ་སྦས་པའི་འགད་རྫས་འགས་གཏོར་བྱུང་ནས།ཉུང་མཐར་ཡང་མི1རྐྱེན་ལམ་དུ་ཤོར་བ་དང་།མི6ལ་རྨས་ཕོག
མིག་སྔར་རྩ་འཛུགས་དང་མི་སུ་ཡིས་ཀྱང་འཇབ་རྒོལ་དོན་རྐྱེན་དེ་དག་བཟོས་པ་ཁས་བླངས་མེད།
2013ལོ་ནས་བཟུང་།དབྱི་རག་ནས་འཇིགས་སྐུལ་བྱ་འགུལ་དང་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་བསྟུད་མར་བྱུང་ནས།རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོས།མཉམ་འབྲེལ་རྒྱལ་ཚོགས་དབྱི་རག་རོགས་སྐྱོབ་ཚོགས་པས་སྤེལ་བའི་སྤྱི་བསྒྲགས་ལྟར་ན།ད་ལོའི་ཟླ1པོ་ནས་ཟླ11པའི་བར་དུ།དབྱི་རག་ནས་བསྡོམས་པས་མི་སེར7157དང་བདེ་འཇགས་དམག་དཔུང་གི་མི་སྣ952འཇིགས་སྐུལ་དྲག་ཤུགས་འཇབ་རྒོལ་ཁྲོད་ནས་རྐྱེན་ལམ་དུ་ཤོར་ཟེར། །