ཀན་སུའུ་ཞིང་ཆེན་གྱིས་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་གྱི་སློབ་གསོ་མཆོང་བརྒལ་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་བཏོན།
མིག་དམར་གྱིས་བསྒྱུར། 2013-12-06
ཞིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་བ11པའི་ཚེས5ཉིན་འབྱོར་བའི་གཏམ་གསར། ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་རྒྱུར། མ་འོངས་པའི་ལོ7གྱི་ནང་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་ཀན་ལྷོ་ཁུལ་དང་ལིན་ཞ་ཁུལ་གཉིས་ཀྱི་སློབ་ན་མ་སོན་པ་དང་ལོ་དགུའི་འོས་འགན་སློབ་གསོ་ནས་མཐོ་རིམ་སློབ་གསོའི་བར་ཁྱོན་ཡོངས་ནས་ཁུལ་གཉིས་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད།
དེའི་ནང་སློབ་ན་མ་སོན་གོང་གི་སློབ་གསོའི་ཐད། 2017ལོར་བསླེབ་དུས། ཁུལ་གཉིས་ཀྱི་ཤང་དང་གྲོང་རྡལ་ཚང་མར་ཚད་ལྡན་རང་བཞིན་གྱི་ལྟེ་བའི་བྱིས་པ་ཁང1བསྐྲུན་རྒྱུ་ཡིན་ཞིང་། སྲིད་འཛིན་གྲོང་གསེབ་རེར་བྱིས་པ་ཁང1བསྐྲུན་རྒྱུ། ལོ་རེར་བྱིས་པ་ཁང་གི་དགེ་རྒན300གསོ་སྐྱོང་བྱ་རྒྱུ། འོས་འགན་སློབ་གསོའི་ཐད། 2020ལོར་བསླེབ་དུས། རྫོང་མངའ་ཁོངས་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཐོག་ནས་དོ་སྙོམས་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱ་རྒྱུ། མཐོ་འབྲིང་སློབ་གསོའི་ཐད། 2020ལོར་བསླེབ་དུས་ཁུལ་གཉིས་ལ་ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་སློབ་འབྲིང་དཀྱུས་མ3འཛུགས་གང་ཐུབ་བྱ་རྒྱུ་ཡིན་པ་མ་ཚད། ལོ་རེར་སྒོར་ཁྲི200ཡི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ནས་རྒྱ་ཡུལ་གྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་མི་རིགས་འཛིན་གྲྭར་སློབ་སྡུད་བྱེད་ཁྱོན་རྒྱ་སྐྱེད་གཏོང་བའི་ལས་གྲྭ་ལག་བསྟར་བྱ་རྒྱུ།མཐོ་རིམ་སློབ་གསོའི་ཐད། སྤྱིར་བཏང་གི་མཐོ་རིམ་སློབ་འབྲིང་གིས་སློབ་མ་བསྡུ་བའི་སྲིད་ཇུས་ལེགས་སྒྲིག་བྱེད་པ་དང་སློབ་མ་སྡུད་པའི་འཆར་གཞི་རྒྱ་སྐྱེད་བཏང་སྟེ་ཁུལ་གཉིས་ལ་དཀོན་པོའི་ཆེད་ལས་འཇོན་ལྡན་མི་སྣ། ཁྱད་པར་དུ་སྨན་བཅོས་འཕྲོད་བསྟེན་དང་སློབ་གསོ། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་ཆེད་ལས་ནུས་རྩལ་གྱི་འཇོན་ཐང་ཅན་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད།
དེ་མིན། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་གྱི་ཐད་ལ། ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་རོགས་སྐྱོར་གྱི་སྲིད་ཇུས་བཏོན་ཡོད། 2014ལོ་ནས་བཟུང་། དགེ་འོས་སློབ་གྲྭ་རིགས་ཀྱི་སློབ་གྲྭ་དང་མཐུན་སྦྱོར་བྱས་ཏེ་ལོ་རེར་ཀན་ལྷོ་དང་ལིན་ཞ་ཁུལ་གཉིས་ལ་ཆེད་ལས་དགེ་རྒན200དང300གསོ་སྐྱོང་བྱ་རྒྱུ་ཡིན། ལོ་རེར་སོ་སོས་མ་དངུལ་སྒོར་ཁྲི3000འཚོལ་ཐབས་བྱས་ཏེ་ཁུལ་གཉིས་ཀྱི་སློབ་གསོ་འཕེལ་རྒྱས་ལ་ཚོད་འཛིན་བྱས་པའི་ཆེས་དགོས་གཏུགས་དང་ཆེས་འགངས་ཆེ་བའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།