རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། ཞིན་ཧྭ་དྲ་བ། 2013-11-27
སྤྱི་ཟླ10བའི་ཚེས30ཉིན། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་སྨན་པས་ནད་པར་སྨན་སྟེར་བཞིན་པ།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་ལམ་ལུགས་བཅོས་བསྒྱུར་ལ་མུ་མཐུད་དུ་གསར་སྐྲུན་བྱས་ཏེ། 2012ལོའི་སྤྱི་ཟླ9བར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གཞུང་བཙུགས་སྨན་ཁང་ནས་སྔོན་ལ་ཞག་སྡོད་སྨན་བཅོས་དང་རྗེས་ནས་སྨན་རིན་རྩིས་སྤྲོད་བྱེད་པའི་ཞབས་ཞུ་རྣམ་པ་ཁྱབ་གདལ་དུ་བཏང་ཞིང་། དེས་ཞིང་ཆེན་ཡོངས་ཀྱི་ནད་པ་མི་ཁྲི40ལྷག་ལ་ཕན་ཁེ་བསྐྲུན། 2013ལོ་ནས་བཟུང་སྔར་ཡོད་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་མ་ལག་གི་རྨང་གཞིའི་སྟེང་། མི་རེར་སྒོར50ཡི་ཚད་གཞི་ལྟར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཚོང་ལས་འགན་སྲུང་སྤེལ་ནས་མང་ཚོགས་ལ་ནད་རིགས་ལྕིད་མོའི“ཡང་བསྐྱར་འགན་སྲུང”ཁྱབ་གདལ་དུ་བཏང་། གཞི་རྩའི་སྨན་བཅོས་འགན་སྲུང་གི་རྩིས་ཞུ་བྱེད་པའི་རྨང་གཞིའི་སྟེང་མི་སྒེར་གྱིས་སྨན་རིན་འགྲོ་གྲོན་སྒོར5000ལས་བརྒལ་ཚེ། ནད་རིགས་ལྕིད་མོའི་ཚོང་ལས་འགན་སྲུང་གི་གཏན་འཁེལ་ལྟར་ཡང་བསྐྱར་སྨན་རིན་རྩིས་ཞུ་བྱས། “འགན་སྲུང་གཉིས”ཀྱི་སྲིད་ཇུས་འདིས་ཞིང་ཆེན་ཡོངས་ཀྱི་ཤང་གྲོང་སྡོད་དམངས་ཞག་སྡོད་སྨན་བཅོས་བྱས་པའི་སྨན་རིན་འགྲོ་གྲོན་རྩིས་ཞུ་བྱེད་ཚད80%ལ་སླེབས་ཡོད།
གཞན་ཡང་རྒྱུས་ལོན་པ་ལྟར་ན། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་གཞི་རྩའི་སྨན་རྫས་ལམ་ལུགས་དེ་ཞིང་ཆེན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས་ཡོད། དུས་མཚུངས་སུ་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་དང་ཁ་གཏད་རོགས་སྐྱོར་རྫོང་དང་ཤང་གི་སྨན་བཅོས་ལས་ཁུངས་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10