བདེ་ཆེན་ཁུལ་གྱིས་ཕྱོགས་ཡོངས་ནས་ས་གཤིས་གནོད་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱས།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། 2013-09-11
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9པའི་ཚེས4ཉིན་གྱི་ཆུ་ཚོད14ཡི་ཐོག ཡུན་ནན་ཞིང་ཆེན་དང་བདེ་ཆེན་ཁུལ། སེམས་ཀྱི་ཉི་ཟླ་རྫོང་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་གྲུབ་པའི་ལས་ཀའི་ཚོགས་ཆུང་གིས་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་རྫོང་ཉི་ཤར་ཤང་དང་། སྐད་ཚགས་ཤང་། འཇོལ་རྫོང་གི་ཀོང་རྩེད་ར་གྲོང་རྡལ་བཅས་ཤང་གྲོང་གསུམ་གྱི་རི་ཉིལ་དང་། ས་རྡོ་ཤུད་པ། རྡོ་རུད་བཅས་བྱུང་ཉེན་ཆེ་ས་36ལ་ཞིབ་བཤེར་གཏོང་བ་རེད། དེ་ལས་ས་གཤིས་གནོད་སྐྱོན་གྱི་མངོན་མེད་རྐྱེན་ངན་ལྡན་ཡུལ་16ཡོད་པ་དང་། ཞིབ་བཤེར་བརྒྱུད་ནས་གསར་དུ་20བསྣན་ཡོད། ཞིབ་བཤེར་གྱི་སྒྲུབ་འབྲས་ནས་བལྟས་ན་ས་གཤིས་གནོད་སྐྱོན་གྱི་མངོན་མེད་རྐྱེན་ངན་གཙོ་བོ་ནི་རི་ཉིལ་དང་། རྡོ་རུད་གཙོ་བོ་རེད་འདུག ད་སྔར། ས་འགུལ་གྱིས་ཤུགས་རྐྱེན་ཐེབས་ནས་སྔ་ཡོད་ཀྱི་ས་གཤིས་གནོད་སྐྱོན་གྱི་མངོན་མེད་རྐྱེན་ངན་ལྡན་ཡུལ་6ཚབས་ཆེར་གྱུར་པ་དང་། དེ་མིན་གཞན་གྱི་ཁག་10ལ་འགྱུར་ལྡོག་མངོན་གསལ་བྱུང་མེད་པ་རེད།
ཞིབ་བཤེར་བརྒྱུད་ནས་མཐོང་དོན། ཉི་ཤར་ཤང་བདེ་སྐྱིད་གྲོང་གི་དུད་གསུམ་གྲོང་དུ་རྡོ་རུད་བྱུང་ཉེན་ཆེ། ད་སྔར། ཞིབ་བཤེར་ལས་ཀའི་ཚོགས་ཆུང་གིས་ལས་ཡུལ་དངོས་སུ་མཁོ་བསྟུན་འཕྲལ་སྒྲུབ་གྲ་སྒྲིག་བྱས་ཏེ། ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཇེ་ཆེར་གཏོང་ནས། གལ་ཏེ་དམིགས་བསལ་གྱི་གནས་ཚུལ་བྱུང་ན་སྔོན་བརྡ་གཏོང་རྒྱུ་དང་། དུས་ཐོག་ཏུ་རྡོ་རུད་ཀྱིས་གནོད་སྐྱོན་བཟོས་པའི་མང་ཚོགས་དག་ཁ་འགྲེམ་བྱ་རྒྱུ་རེད།
ཞིབ་དཔྱད་ཚོགས་ཆུང་སོ་སོས་སེམས་ཀྱི་ཉི་ཟླ་རྫོང་དང་། འཇོལ་རྫོང་གཉིས་ཀྱི་གནས་སྐབས་ཀྱི་སྡོད་གནས་8ལ་ས་གཤིས་བདེ་འཇགས་ཀྱི་ཚོད་དཔག་ལས་ཀ་སྤེལ་ནས། གནས་སྐབས་ཀྱི་སྡོད་གནས་8ལ་ས་གཤིས་གནོད་སྐྱོན་གྱི་མངོན་མེད་རྐྱེན་ངན་ཕལ་ཆེར་མེད་པ་རེད། །